ཉེན་ཀར།

2018-11-30

 

   ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། དེ་ནི་གནའ་བོའི་ས་མིང་ཡིན་ལ་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་ཡང་ཡིན།

   དེ་ནི་ས་མིང་ཡིན་ལ་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་ཡང་ཡིན། ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་འཁོད་པར་གཞིགས་ན། སྤུ་རྒྱལ་གྱི་གདུང་རབས་སུམ་ཅུ་པ་སྟག་བུ་སྙ་གཟིགས་ཀྱི་སྐབས་སུ་བོད་དབུས་སའི་ཆར་རྒྱལ་ཕྲན་སྟོབས་ཆེ་བ་གསུམ་ཙམ་མཆིས་པ་ལས་ཟིང་པོ་རྗེ་སྟག་སྐྱ་བོའི་ཆབ་སྲིད་ཀྱི་ལྟེ་གནས་ནི་ཉེན་ཀར་ཡིན། རྒྱལ་ཕྲན་དེ་ཉིད་ཀྱིས་ཐོག་མར་དེང་གི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་འཕན་པོའི་ཡུལ་ལྟེ་བར་བྱས་པའི་ཡུལ་ལུང་རྒྱ་ཆེ་ཙམ་ཞིག་ལ་དབང་མཛད་ནའང་། ཟིང་པོ་རྗེ་སྟག་སྐྱ་བོས་བྱ་བ་གང་དང་གང་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད་དེ། ལེགས་པ་རྣམས་ཉེས་པར་བཏང་། ཉེས་པ་རྣམས་ལེགས་པར་བརྩི། དཔོན་པོ་ནི་གོང་ན་ཁྲོ་ཞིང་གཏུམ། བྲན་གཡོག་ནི་འོག་ན་སྐྲག་ཅིང་འདར་བ་ཞིག་བྱུང་པས། ཉེ་འཁོར་གྱི་རྒྱལ་ཕྲན་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་དབང་དུ་བསྡུས་པ་དང་། དེ་ནས་བཙན་པོ་གནམ་རི་སྲོང་བཙན་སྐབས་སུ་སྤུ་རྒྱལ་བཙན་པོའི་དབང་དུ་བསྡུས་པའི་ལོ་རྒྱུས་ལ་འཕོ་འགྱུར་བྱུང་འདུག དེ་ལ་བལྟས་ན། སྐབས་དེའི་ཉེན་ཀར་ནི་དེང་སང་ལྷུན་གྲུབ་རྫོང་ཁོངས་འཕན་པོའི་རྒྱུད་དུ་ཡོད་འདྲ་བ་ཞིག་འདུག་ནའང་། ཤིན་ཅང་གི་ས་ཁུལ་ནས་ཐོན་པའི་གནའ་བོའི་བོད་ཀྱི་ཁྲམ་ཡིག་ནང་།“ཉེན་ཀར་གྱི་སྡེ”ཞེས་ཤིན་ཅང་ཁུལ་གྱི་བོད་ཀྱི་དཔུང་སྡེའི་གནས་ཡུལ་ཞིག་ཡིན་ཚུལ་བསྟན་པ་དང་། ཡང《ཆོས་འབྱུང་མཁས་པའི་དགའ་སྟོན》སོགས་ཀྱི་ནང་། རྒོད་ཀྱི་སྟོང་སྡེ་དབྱེ་སྐབས་ཉེན་ཀར་གྱི་སྟོང་སྡེ་ཞེས་གཡས་རུའི་ཁོངས་ཏེ་གཙང་ཁུལ་ཡར་ཀྲུང་གཙང་པོའི་བྱང་ངོས་སུ་ཡོད་པར་གསུངས། ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་ད་དུང་ཉེན་ཀར་གྱི་ལྕང་བུ་ཞེས་བྱུང་བ་སོགས། གང་ལྟར་བཙན་པོའི་སྐབས་སུ་ཉེན་ཀར་བྱ་བའི་ས་ཆ་འགའ་ཞིག་ཡོད་པར་སྣང་།

<