ཀ༔གནམ་སྡེ་པ།

2018-11-21

 

   བཤད་རྒྱུན་ལྟར་ན། སྤུར་རྒྱལ་བཙན་པོ་གྲི་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་རྗེས། དེའི་སྲས་ཐ་ཆུང་བྱ་ཁྲི་སྤོ་ཡུལ་དུ་བྲོས། མི་རིང་བར་བྱ་ཁྲི་སྤུར་རྒྱལ་བཙན་པོའི་ཁྲིར་གསོལ་ཏེ་བུ་དེ་གུང་རྒྱལ་ཞེས་སུ་འབོད། སྤོ་ཡུལ་ནི་དེའི་གདུང་རྒྱུད་ཀྱིས་མུ་མཐུད་མངའ་མཛད་པར་གསུངས། དགའ་ལྡན་ཕོ་བྲང་དུས་སུ་སྤོ་ཡུལ་ནི་དེའི་མངའ་ཁོངས་སུ་མིང་ཙམ་ལས་དོན་དུ་ཕྱེད་རང་བཙན་གྱི་རྣམ་པར་གནས་ཏེ། ཀ༔གནམ་སྡེ་པ་ཞེས་སུ་གྲགས།

   རྒྱས་འགྲེལ།

  བཤད་རྒྱུན་ལྟར་ན། སྤུར་རྒྱལ་བཙན་པོ་གྲི་བཙན་པོ་ལོ་ངམ་རྟ་རྫིས་བཀྲོངས་རྗེས། དེའི་སྲས་ཐ་ཆུང་བྱ་ཁྲི་སྤོ་ཡུལ་དུ་བྲོས། མི་རིང་བར་བྱ་ཁྲི་སྤུར་རྒྱལ་བཙན་པོའི་ཁྲིར་གསོལ་ཏེ་བུ་དེ་གུང་རྒྱལ་ཞེས་སུ་འབོད། སྤོ་ཡུལ་ནི་དེའི་གདུང་རྒྱུད་ཀྱིས་མུ་མཐུད་མངའ་མཛད་པར་གསུངས། དགའ་ལྡན་ཕོ་བྲང་དུས་སུ་སྤོ་ཡུལ་ནི་དེའི་མངའ་ཁོངས་སུ་མིང་ཙམ་ལས་དོན་དུ་ཕྱེད་རང་བཙན་གྱི་རྣམ་པར་གནས་ཏེ། ཀ༔གནམ་སྡེ་པ་ཞེས་སུ་གྲགས། སྤྱིར་སྡེ་པ་ཞེས་པ་ནི་སྤྱི་ཁྱབ་དང་། དཔོན་པོ། འགོ་པ་སོགས་སུ་གོ་ཐུབ་ཅིང་། བོད་ཀྱི་ཡིག་ཆར་ཀ༔གནམ་སྡེ་པ་ཞེས་པ་དང་། རྒྱ་ནག་ཡིག་ཆར་སྤོ་མེས་རྒྱལ་པོ་ཞེས་འཁོད། དེའི་མངའ་ཁོངས་སུ་ད་ལྟའི་སྤོ་མེས་རྫོང་དང་། མེ་ཏོག་རྫོང་། དེ་བཞིན་ཉིང་ཁྲི་རྫོང་གི་ཆ་ཤས་བཅས་གཏོགས་ཤིང་། མངའ་ཐང་རྒྱས་ཤོས་སྐབས་རྫོང་ཁག་བཅོ་བརྒྱད་སྐོར་དབང་དུ་བསྡུ་མྱོང་བར་གསུངས། དེའི་རྒྱལ་ས་སྤོ་མེས་ཀ༔གནམ་དུ་ཆགས་པས་ཀ༔གནམ་རྒྱལ་པོའམ་སྡེ་པ་ཞེས་ཡོངས་གྲགས་སུ་གྱུར།

  སྤྱི་ལོ1717ལོར་ཀ༔གནམ་སྡེ་པ་དཔོན་རྒན་གྱི་ཇུན་གར་བ་དང་འཐབ་པས་ཕམ་ཉེས་བྱུང་། མི་རིང་བར་བཀའ་ཤག་གིས་སྤོ་སྨད་ཁུལ་དུ་རྫོང་གཞིས་གསར་བཙུགས་ཐོག སྤོ་བོ་སྤྱི་ཁྱབ་ཀྱི་གོ་མིང་དང་བཅས་བོད་ས་གནས་ལ་ཁྲལ་འུལ་གཏན་འབེབས་བཟོས། སྤྱི་ལོ1821ལོར་ཉི་མ་རྒྱལ་པོ་འདས་རྗེས་གདུང་རྒྱུད་ཆད་པས་སྡེ་པ་ནང་ཁུལ་དུ་འཐབ་རྩོད་མང་དུ་བྱུང་ཐོག སྤོ་ཡུལ་ཚོ་ཤོག་ཁག་གིས་ལམ་འཁེལ་ཚོང་འགྲུལ་ལ་འཕྲོག་བཅོམ་ཚོད་མེད་བྱས་ཤིང་། ཁྲོན་དམག་དབར་འཛིང་རེས་ཡང་ཐེངས་མང་བྱས་པ་མ་ཟད། མི་བསད་རྟ་ཁྱེར་དང་ཁྲལ་འབུལ་རྩ་ནས་མེད་པ་སོགས་ལ་བརྟེན། བོད་སྡོད་ཨམ་བན་ལན་ཡུས་ནས་རྒྱ་དམག་སྤོ་མེས་ཁུལ་དུ་དྲངས་རུང་རྒྱ་དམག་གཡུལ་ལས་ཕམ་པས། གོང་མར་སྙན་ཐོ་འབུལ་དོན་བཞིན་ཁྲོན་ཏཱན་མཐའ་ཁུལ་དོན་བྱེད་པ་ཀྲའོ་ཨེར་ཧྥེང་གི་ཁྲོན་དམག་རོགས་འདེགས་སུ་མངགས་ཏེ། དེ་དང་འཐབ་པས་སྤོ་མེས་རྒྱལ་པོ་པདྨ་ཚེ་དབང་ཕམ་སྟེ་མེ་ཏོག་ཏུ་བྲོས། མཐར་དེ་གའི་རྫོང་དཔོན་གྱིས་གཡོ་སྒྱུའི་སྦྱོར་བར་བརྟེན་ནས་བཀྲོངས། དེ་མུར་རྒྱ་དམག་དཔུང་སྣེ་ཁག་གཉིས་ཀྱིས་སྡེ་ཁག་གཞན་གྱི་དྲག་ཤུགས་རྩ་མེད་བཏང་ཞིང་། དཔུང་སྡེ་བཅའ་སྡོད་བྱས། ཀྲའོ་ཨེར་ཧྥུང་གིས་སྤོ་ཡུལ་དུ་དཔོན་པོ་བསྐོ་སྲོལ་སྤེལ་རྩིས་བྱས་རུང་། རྒྱ་ནག་ཏུ་ཝུའུ་ཁྲང་གྱེན་ལངས་བྱུང་བས་དེ་དོན་ལམ་དུ་མ་སོང་།

  དེ་ནས་སྐབས་ཤིག་རིང་རྒྱུད་འཛིན་ཚད་ལ་ཉེ་བར་པདྨ་ཚེ་དབང་གི་སྲས་མོ་སྨིན་དྲུག་ལ་ཉི་ལོག་སྡེ་པའི་སྲས་བགྲེས་པ་དབང་ཆེན་བདུད་འདུལ་ཞེས་སུ་གྲགས་པ་མག་པར་བསུས་ནས་སྲིད་ཀྱི་འཕྲོ་བསྐྱངས། རྒྱ་དམག་འཐོར་ཞིག་ཏུ་སོང་རྗེས་མག་པ་དབང་ཆེན་བདུད་འདུལ་སྤོ་ཡུལ་དུ་ཕྱིར་ལོག་བྱས་ཏེ་རྒྱལ་རྒྱུད་བཟུང། དེའི་བཟའ་ཚོ་འདས་པས་བཀའ་བློན་ཚ་རོང་གིས་གཉེན་སྒྲིག་ཐབས་ལ་བརྟེན་ནས་དེ་ཁུལ་བཀའ་ཤག་གི་མངའ་འོག་ཏུ་བསྡུ་རྩིས་བྱས་རུང་། དེ་ལས་ལྡོག་ཏེ་སྤོ་ཡུལ་དང་བཀའ་ཤག་དབར་གྱི་འགལ་ཟླ་སྔར་བས་རྣོ་ངར་ལ་སོང་མཐར། སྤྱི་ལོ1927ལོར་སྤོ་བོད་འཁྲུག་པ་བྱུང་པས་ཀ༔གནམ་སྡེ་པ་མཐའ་མ་དབང་ཆེན་བདུད་འདུལ་རྒྱ་གར་དབྱིན་གཞུང་ལ་སྐྱབས་བཅོལ་མགོ་བཏགས་མི་ཞུ་མཐུ་མེད་ཐོག་སྤོ་ཡུལ་བཅས་པ་གཞུང་ས་དགའ་ལྡན་པའི་ཞབས་འོག་ཏུ་ཚུད། དེ་ལྟར་ཀཿགནམ་སྡེ་པ་འཐོར་ཞིག་ཏུ་སོང་ནས་མིང་གི་ལྷག་མ་ཙམ་དུ་གྱུར།

    ཀ༔གནམ་སྡེ་པ་རིམ་བྱོན།

 

      

 

  

<