གུ་གེ།

2018-11-21

 

  དེང་སང་གི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། དེ་ནི་ད་ལྟ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཞེས་པ་དེ་ཡིན། བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ནས་བོད་སིལ་བུར་གྱུར་སྐབས། འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་གྱིས་སྟོད་མངའ་རིས་སྐོར་གསུམ་ཁྱོན་ལ་དབང་བསྒྱུར་བྱས་པ་དང་། དེ་རྗེས་སྲས་གསུམ་ནར་སོན་སྐབས་ཁོང་གིས་སྲས་སོ་སོར་རང་རང་གི་སྲིད་འཛིན་མངའ་ཁོངས་གསུམ་དུ་བགོས་ནས་སྤྲད་པས། སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་གུ་གེ་བཟུང་བར་བརྟེན་གུ་གེའི་རྒྱལ་རབས་བྱུང་། གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་དེ་གཞིས་ཀ་རྩེ་གྲོང་ཁྱེར་ནས་མངའ་རིས་ས་ཁུལ་གནས་ཡུལ་སེང་གེ་ཁ་འབབ་གྲོང་བརྡལ་དུ་སྤྱི་ལེ1376བར་བསྐྱོད་དགོས་པ་དང་། དེ་ནས་སེང་གེ་ཁ་འབབ་ནས་ལྷོ་ཕྱོགས་རྩ་མདའ་རྫོང་བར་སྤྱི་ལེ185བསྐྱོད་དགོས་ལ། གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་གྱང་རོ་དེ་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཡོད།

གུ་གེ་ཞེས་པའི་ས་མིང་།     

  《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ནང་། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་མཆེད་སྲིང་མོ་སད་མར་ཀར་བྱ་བ་དེ་ཞང་ཞུང་གི་རྒྱལ་པོ་ལིག་མྱི་རྷྱའི(ལིག་སྙ་ཤུར་ཡང་བརྗོད)བཙུན་མོར་བྱོན་རྗེས་ཞང་ཞུང་དེ་སྤུ་རྒྱལ་བོད་བཙན་པོའི་མངའ་འབངས་སུ་འདུ་དགོས་པའི་གསང་བའི་མགུར་ཞིག་བླངས་འདུག་པའི་ནང་། “ཡུལ་གྱི་ནི་སྐལ་པོག་པ། ཁྱུང་ལུང་ནི་རྔུལ་མཁར་ཞིག །......བྲན་གྱི་ནི་སྐལ་པོག་པ། གུ་གེ་ནི་རྐང་པྲན་ཞིག །”ཅེས་འཁོད་པས། དེའི་ཐོག་ནས་གུ་གེ་ནི་གནའ་རབས་ཞང་ཞུང་རྒྱལ་པོའི་མངའ་རིས་ཡིན་པ་ཙམ་མ་ཟད། ཞང་ཞུང་རྒྱལ་པོའི་སྡོད་གནས་ཕོ་བྲང་ཁྱུང་ལུང་རྔུལ་མཁར་གྱི་ཉེ་འཁོར་དུ་གནས་པར་བསྟན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་འགའ་ཞིག་གིས། གུ་གེའི་མིང་རྙིང་པར་ཞང་ཞུང་ཟེར་ཞེས་བརྗོད། བོད་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་ནས་བོད་སིལ་བུར་གྱུར་སྐབས། འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་གྱིས་སྟོད་མངའ་རིས་སྐོར་གསུམ་ཁྱོན་ལ་དབང་བསྒྱུར་བྱས་པ་དང་། དེ་རྗེས་སྲས་གསུམ་ནར་སོན་སྐབས་ཁོང་གིས་སྲས་སོ་སོར་རང་རང་གི་སྲིད་འཛིན་མངའ་ཁོངས་གསུམ་དུ་བགོས་ནས་སྤྲད་པས། སྲས་ཆུང་བ་ལྡེ་གཙུག་མགོན་གྱིས་གུ་གེ་སྟེ་ཞང་ཞུང་བཟུང་། དེ་ནས་བཟུང་གུ་གེའི་རྒྱལ་རབས་བྱུང་བ་དང་བསྟུན་ནས་གུ་གེའི་མིང་ཡང་ཞང་ཞུང་གི་མིང་ལས་ཀྱང་གྲགས་ཆེ་བ་བྱུང་བ་མ་ཟད། “ཞང་ཞུང་སྟེ་གུ་གེའི་མངའ་ཞབས་ན་ཡོད”ཅེས་པའི་གནས་ཚུལ་དེ་བྱུང་བ་ཡིན། དེང་སང་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། དེར་ད་ལྟའང་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་སུ་གཏོགས་པའི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཇི་སྙེད་ཅིག་མཐོང་རྒྱུ་ཡོད།

    གུ་གེ་རྒྱལ་རབས།     

  མངའ་རིས་གུ་གེའི་ཁུལ་དུ་སྲིད་དབང་བཟུང་བའི་རྒྱལ་པོ་ཞིག་སྟེ། བོད་ས་གནས་སུ་རྒྱལ་པོ་གླང་དར་མས་ལྕགས་བྱ་སྟེ་སྤྱི་ལོ841ལོར་ནང་བསྟན་བསྣུབས་པའི་རྗེས་ནས། དེའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ལོ་མང་རིང་སྲིད་དབང་ཕྲོགས་རེས་ཀྱི་དམག་འཁྲུག་བྱས་ཤིང་། དེ་ནས་ས་གླང་སྟེ་སྤྱི་ལོ869ལོར་བོད་ས་གནས་ཡོངས་སུ་གཞི་རྒྱ་ཆེ་བའི་འབངས་གྱེན་ལོག་བྱུང་མཐར་མངའ་བདག་དཔལ་འཁོར་བཙན་རང་ལོ་སོ་གཅིག་པ་ཤིང་ཡོས་ཏེ་སྤྱི་ལོ895ལོར་འབངས་གྱེན་ལོག་གིས་རྒྱལ་རྩེར་བཀྲོངས། སྲས་ཆེ་བ་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་དང་སྲས་ཆུང་བ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྟོད་དུ་བྲོས། སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྐོར་གསུམ་དུ་དབང་བསྒྱུར། དེ་ལ་སྲས་གསུམ(ཆེ་བ་དཔལ་གྱི་མགོན། འབྲིང་བ་བཀྲ་ཤིས་མགོན། ཆུང་བ་ལྡེ་གཙུག་མགོན)བྱུང་།རྒྱལ་པོས་སྲས་གསུམ་སོ་སོར་རང་རང་གི་སྲིད་འཛིན་མངའ་ཁོངས་གསུམ་དུ་བགོས་ནས་གནང་བས་ཡོངས་གྲགས་སུ་མངའ་རིས་བསྐོར་གསུམ་ཟེར། དེ་ཡང་སྲས་ཆེ་བ་དཔལ་གྱི་མགོན་ལ་མར་ཡུལ་ལ་དྭགས་གནང་སྟེ་སྲིད་དབང་བཟུང་བས་ལ་དྭགས་ཀྱི་རྒྱལ་རྒྱུད་བྱུང་། འབྲིང་པོ་བཀྲ་ཤིས་མགོན་ལ་གུ་གེ་སྟེ་ཞང་ཞུང་གནང་བས་དེ་ནས་གུ་གེའི་རྒྱལ་རྒྱུད་བྱུང་། ཆུང་བ་ལྡེ་གཙུག་མགོན་ལ་མང་ཡུལ་གུང་ཐང་གནང་བས་དེ་ནས་གུང་ཐང་རྒྱལ་རྒྱུད་བྱུང་བ་ཡིན། རྒྱལ་པོ་ཉི་མ་མགོན་གྱི་སྲས་འབྲིང་བ་བཀྲ་ཤིས་མགོན་ནི་གུ་གེའམ་ཞང་ཞུང་གི་རྒྱལ་རབས་རྗེས་མའི་རྒྱལ་པོ་དང་པོ་དེ་ཡིན། རྒྱལ་པོ་དེ་ལ་སྲས་ཆེ་བ་སྲོང་ངེའམ་མཚན་གཞན་དྲང་སྲོང་ལྡེར་གྲགས་པ་དང་། ཆུང་བ་འཁོར་རེའམ་མཚན་གཞན་འཁོར་ལོ་ལྡེར་འབོད་པ་གཉིས་བྱུང་། སྲས་ཆེ་བ་སྲོང་ངེས་རབ་བྱུང་མ་གནང་གོང་ལ་སྲིད་དབང་བཟུང་ཞིང་རབ་ཏུ་བྱུང་རྗེས་ལྷ་བླ་མ(རྒྱལ་རིགས་ལས་བྱུང་བའི་རབ་བྱུང་ཞེས་པའི་དོན་ཡིན་པ་ལས་གནམ་གྱི་ལྷའི་གོ་དོན་མིན)ཡེ་ཤེས་འོད་ཞུ་བ་དེ་ཡིན། ཁོང་ནི་རབ་བྱུང་གོང་གི་ལོ་རབས་དང་པོའི་ས་ལུག་སྟེ་སྤྱི་ལོ959ལོར་འཁྲུངས་ནས་དགུང་ལོ་དོན་བརྒྱད་པ་རབ་བྱུང་དང་པོའི་མེ་བྱི་སྟེ་སྤྱི་ལོ1036ལོར་སྐུ་གཤེགས་པར་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་གཟིགས་མྱོང་བའི《གུང་ཐང་རྒྱལ་རབས》རྙིང་པ་ཞིག་ནང་འཁོད་ཅེས་གསུངས།  སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་བྲོས་པའི་ཤིང་ཡོས་ཏེ་སྤྱི་ལོ795ལོ་ནས་ལྷ་བླ་མ་ཡེ་ཤེས་འོད་འཁྲུངས་པའི་ལོ་རབ་བྱུང་གོང་གི་ལོ་རབས་དང་པོའི་ས་ལུག་སྟེ་སྤྱི་ལོ་959ལོ་བར་ལོ་དྲུག་ཅུ་རེ་བཞི་ཡོད་པ་དེའི་རིང་ལྷ་བླ་མའི་མེས་པོ་སྐྱིད་ལྡེ་ཉི་མ་མགོན་དང་། ཡབ་བཀྲ་ཤིས་མགོན་གཉིས་ཀྱིས་སྲིད་དབང་བཟུང་བར་སྣང་། གུ་གེའི་རྒྱལ་རབས་གཉིས་པ་ལྷ་བླ་མ་ཡེ་ཤེས་འོད་ལ་སྲས་གཉིས(ཁྲི་ལྡེ་མགོན་བཙན། རབ་ཏུ་བྱུང་བའི་མཚན་ནཱ་ག་རཱ་ཛ)དང་། སྲས་མོ་ལྷ་ཡི་མེ་ཏོག་བཅས་གསུམ་བྱུང་ཡང་། ལྷ་བླ་མས་དགུང་ལོ་མཐོན་པོར་མ་ཕེབས་བར་དུ་སྲིད་དབང་བཟུང་ནས་དེ་རྗེས་སྲས་གཉིས་དང་སྲས་མོ་བཅས་ཡབ་སྲས་བཞི་ཀ་དུས་གཅིག་ཏུ་རབ་བྱུང་མཛད། སྲོང་ངེས་དགུང་ལོ་སུམ་ཅུ་པ་མེ་སྤྲེལ་སྟེ་སྤྱི་ལོ996ལོར་མཐོ་ལྡིང་གཙུག་ལག་ཁང་བཞེངས་ཞེས་ཟེར་བ་དགུང་རྙིང་ཤིང་གླང་སྟེ་སྤྱི་ལོ965ལོར་འཁྲུངས་པ་ནས་རྩིས་པ་ཡིན། ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་སྟེ། རྒྱལ་སྲིད་གཅུང་འཁོར་རེ་ལ་གཏད་ནས་དགུང་ལོ་ལྔ་བཅུ་ང་གཉིས་པ་མེ་འབྲུག་སྟེ་སྤྱི་ལོ1006ལོར་ཡབ་སྲས་གསུམ(ཡབ་དང་སྲས་གཉིས་སྲས་མོ་གཅིག་བཅས་བཞི་ཡོད)ཀ་རང་རྟགས་རང་གིས་བླངས་ཏེ་དགོན་དྲུང་དུ་སྐྲ་ཕུད་ཕུལ་ནས་རབ་ཏུ་བྱུང་ཞེས་ལོ་རྒྱུས་ཡིག་ཚང་འགའ་ཞིག་ཏུ་གསལ་བ་ནི་མ་དག་རྒྱུན་འབྱམས་ཡིན་ཏེ། དེ་ལྟར་མིན་པ་ནི་རབ་བྱུང་གི་མཁན་པོ་ཡེ་ཤེས་བཟང་པོ་ཡིན་པ་དང་། སྐབས་དེར་རབ་བྱུང་གི་མིང་གསར་པ་གནང་སྐབས་མཁན་པོའི་མཚན་ཟུར་གྱི་ཡེ་ཤེས་དེ་ལས་དྲས་ཏེ་ཡེ་ཤེས་འོད་ཅེས་བཏགས་པ་ཡིན་ཚུལ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་གསུངས་པ་ལྟར་ཡིན་ལ། ལོ་འདི་ནི་སྟོད་མངའ་རིས་སུ་བསྟན་པ་ཕྱི་དར་འཕེལ་རྒྱས་ཀྱི་ལོའི་ཐོག་མ་ཡིན་པར་རིགས་པས་སྒྲུབ་པ་ལགས། གུ་གེའི་རྒྱལ་རབས་གསུམ་པ་གཅུང་པོ་འཁོར་རེ་ལ་སྲས་གསུམ(བཙན་སྲོང་ཅོག་རེ། ཚ་ལ་ལྡེ། ལྷ་ལྡེ་བཀྲ་ཤིས་བཙན་བཅས)གསུམ་བྱུང་བའི་སྲས་གསུམ་པ་ལྷ་ལྡེ་བཙན་གྱིས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་བཞི་བ་མངའ་བདག་ལྷ་ལྡེ་དེ་ལ་སྲས་གསུམ(འོད་ལྡེ་བཙན། བཀྲ་ཤིས་འོད། རབ་ཏུ་བྱུང་བའི་མཚན་ལ་བྱང་ཆུབ་འོད། ཡོང་སྲོང་ལྡེ། རབ་ཏུ་བྱུང་བའི་མཚན་ལ་ཞི་བ་འོད་བཅས)བྱུང་བའི་ཆེ་བ་འོད་ལྡེ་བཙན་གྱིས་སྲིད་དབང་བཟུང་།(གུ་གེའི་རྒྱ་རབས་བཞི་བ)སྲས་གཞན་གཉིས་རབ་ཏུ་བྱུང་། མངའ་བདག་ལྷ་ལྡེ་བཀྲ་ཤིས་བཙན་ལ་སྲས་གསུམ(བློག་ཚ་བཙན་སྲོང་། ཕྱེ་ཚ་རྩེ་ལྡེ། ལྷོ་ཚ་གྲགས་བཙན་ལྡེ་བཅས)བྱུང་བའི་འབྲིང་བ་རྩེ་ལྡེས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་ལྔ་བ་མངའ་བདག་རྩེ་ལྡེ་ལ་སྲས་བཞི(སེང་གྲགས། ཙ་མེ་དཱི་ཊ། ཟངས་ཁ་ཚ་ཁྲི་བཀྲ་ཤིས་འབར་ལྡེ་བཙན ཆོ་ཆེན་ཚ་བསོད་ནམས་རྩེ་བཅས)བྱུང་བའི་གསུམ་པ་ཁྲི་བཀྲ་ཤིས་འབར་ལྡེ་བཙན་གྱིས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་དྲུག་པ་ཁྲི་བཀྲ་ཤིས་འབར་ལྡེ་བཙན་ལ་སྲས་གསུམ(བཀྲ་ཤིས་རྩེ། ཇོ་བོ་རྒྱལ་པོ། འོད་འབར་རྩེ།)བྱུང་བའི་དང་པོ་གར་ལོག་གིས་བཀྲོངས། གསུམ་པ་གར་ལོག་གིས་བཙོན་དུ་བཟུང་ནས་འདས། གཉིས་པ་ཇོ་བོ་རྒྱལ་པོས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་བདུན་པ་དང་པོ་བཀྲ་ཤིས་རྩེ་ལ་སྲས་ལྔ(ཨ་ཀ་རཱ་ཛ། ཙནྡྲ་བོ་དྷི། ཨ་མི་སོག་ཙ། ཕྱོགས་ཙ། རྩེ་འབར་བཙན་བཅས)བྱུང་བའི་ལྔ་བ་རྩེ་འབར་བཙན་གྱིས་སྲིད་བཟུང་། གུ་གེའི་རྒྱལ་རབས་བརྒྱད་པ་ཇོ་བོ་རྒྱལ་པོ་ལ་སྲས་གཅུང་ལྡེ། དེའི་སྲས་ཞོང་ལྡེ། དེའི་སྲས་ཇོ་བླ་མ་བཅས་རིམ་པ་བྱུང་ཡང་སྲིད་མ་བཟུང་། འོད་འབར་རྩེའི་སྲས་ཨེ་ལོ་མིས་སྲིད་བཟུང་། གུ་གེའི་རྒྱལ་རབས་དགུ་བ་རྩེ་འབར་བཙན་ལ་སྲས་བཞི(སྐྱིད་ལྡེ་བཙན། རྩེ་ལྡན་ངལ། དཔལ་འོད་བཙན། འདུལ་སྲིད་འདུལ་བཙན་བཅས)བྱུང་བའི་དང་པོ་སྐྱིད་ལྡེ་བཙན་གྱིས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་བཅུ་བ་སྐྱིད་ལྡེ་བཙན་ལ་སྲས་གཉིས(ཉི་ལྡེ་བཙན། རྣམ་ལྡེ་བཙན་བཅས)བྱུང་བའི་དང་པོ་ཉི་ལྡེ་བཙན་གྱིས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་བཅུ་གཅིག་པ་ཉི་ལྡེ་བཙན་ལ་སྲས་གསུམ(གུང་ལྡེ་བཙན། ཉི་མ་ལྡེ། ལྷ་བཙན་ལྡེ་བཅས)བྱུང་བའི་དང་པོ་ཉི་མ་ལྡེས་སྲིད་བཟུང་། གུ་གེའི་རྒྱལ་རབས་བཅུ་གཉིས་པ་ཉི་མ་ལྡེ་ལ་སྲས་གསུམ(དགེ་འབུམ། བྱམས་པ། སེམས་དཔའ་བཅས)བྱུང་བའི་དང་པོ་དགེ་འབུམ་གྱིས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་བཅུ་གསུམ་པ་དགེ་འབུམ་ལ་སྲས་གསུམ(སྐྱིད་རྡོར། ལ་ག ཐོས་པ་བཅས)བྱུང་བའི་གཉིས་པ་ལ་གས་སྲིད་དབང་བཟུང་། གུ་གེའི་རྒྱལ་རབས་བཅུ་བཞི་བ་ལ་གའི་སྲས་ཆོས་རྒྱལ་གྲགས་པ་ལས་མེད་པ་དེས་སྲིད་བཟུང་། གུ་གེའི་རྒྱལ་རབས་བཅོ་ལྔ་བ་ཆོས་རྒྱལ་གྲགས་པ་ལ་ཡང་སྲས་ལྷ་ཆེན་གྲགས་པ་ལྡེ་ལས་མ་བྱུང་བ་དེས་སྲིད་བཟུང་། གུ་གེའི་རྒྱལ་རབས་བཅུ་དྲུག་པ་ལྷ་ཆེན་གྲགས་པ་ལྡེ་ལ་སྲས་གཉིས(ཁྲི་རྣམ་རྒྱལ་ལྡེ། དཔལ་འབར་ལྡེ)བྱུང་བའི་དང་པོ་ཁྲི་རྣམ་རྒྱལ་ལྡེས་སྲིད་བཟུང་། གུ་གེའི་རྒྱལ་རབས་བཅུ་བདུན་པ་ཁྲི་རྣམ་རྒྱལ་ལྡེ་ལ་སྲས་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་ལས་མ་བྱུང་བ་དེས་སྲིད་བཟུང་། གུ་གེའི་རྒྱལ་རབས་བཅོ་བརྒྱད་པ་ཁྲི་ནམ་མཁའི་དབང་པོ་ཕུན་ཚོགས་ལྡེ་ལ་ཡང་སྲས་ཁྲི་རྣམ་རི་སངས་རྒྱས་ལྡེ་ལས་མ་བྱུང་བ་དེས་སྲིད་བཟུང་། གུ་གེའི་རྒྱལ་རབས་བཅུ་དགུ་པ་ཁྲི་རྣམ་རི་སངས་རྒྱས་ལྡེ་ལ་ཡང་སྲས་བློ་བཟང་རབ་བརྟན་ལས་མ་བྱུང་བ་དེས་སྲིད་བཟུང་། གུ་གེ་རྒྱལ་རབས་ཉི་ཤུ་པ་རྒྱལ་པོ་འདི་རྗེ་ཙོང་ཁ་པའི་སློབ་མ་གུ་གེ་མཁན་ཆེན་ངག་དབང་གྲགས་པ་དང་དུས་མཉམ་ཞིང་། མཁན་ཆེན་དེས《གུ་གེ་རྒྱལ་རབས་ཆོས་འབྱུང》མཛད་ཅིང་དེའི་ནང་གུ་གེའི་རྒྱལ་རབས་ཉི་ཤུ་པའི་བར་དུ་གསལ་བ་རྣམས་འདིར་གནད་བསྡུས་བྱས་ཏེ་དྲངས་པ་ལགས། རྒྱལ་པོ་བློ་བཟང་རབ་བརྟན་མན་ཆད་ཀྱི་གདུང་རབས་ཁ་ཤས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི《བེེ་སེར》ནང་གསལ།

    གུ་གེ་གནའ་ཤུལ།     

  གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་གནའ་བོའི་མཁར་གྲོང་གི་ཤུལ་རྙིང་ཞིག་ཡིན། དེ་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་ཁོངས་སུ་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་ནས་མངའ་རིས་ས་ཁུལ་གནས་ཡུལ་སེང་གེ་ཁ་འབབ་གྲོང་བརྡལ་དུ་སྤྱི་ལེ1376བར་བསྐྱོད་དགོས་པ་དང་།  དེ་ནས་སེང་གེ་ཁ་འབབ་ནས་ལྷོ་ཕྱོགས་རྩ་མདའ་རྫོང་བར་སྤྱི་ལེ185ཙམ་བསྐྱོད་དགོས་ཀྱི་ཡོད། གུ་གེ་རྒྱལ་ཕྲན་གྱི་གནའ་ཤུལ་གྱང་རོ་ནི་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཤིང་། སྟེང་འོག་བར་གྱི་མཐོ་ཚད་སྤྱི་ཁྲེ་སུམ་བརྒྱ་ཙམ་ཟིན་པ་དང་།  དོང་སྦུབས་སུམ་བརྒྱ་སྐོར། གཞན་ཡང་མཐོ་ཚད་སྤྱི་ཁྲེ་བཅུ་ཙམ་ཡོད་པའི་མཆོད་རྟེན་ཁག་གསུམ་བཅས་ཡོད་ལ་ད་དུང་མཁར་ཤུལ་དེའི་ཁྲོད་དུ་མི་རྣམས་ཀྱིས་ཡིད་འཇོག་ཆེན་པོ་བྱེད་པའི་མཆོད་ཁང་དམར་པོ་དང་།  མཆོད་ཁང་དཀར་པོ།  འཇིགས་བྱེད་ལྷ་ཁང་།  དུས་འཁོར་ལྷ་ཁང་།  སྨན་བླའི་ཕོ་བྲང་།  ཚོམས་ཆེན་སོགས་ཡོད།  ལྷ་ཁང་སོ་སོའི་ནང་ལྷའི་འཇིམ་སྐུ་ཆག་རོ་མང་པོ་ཡོད་པ་མ་ཟད། ད་དུང་གྱང་ལྡེབས་སུ་ལྡེབས་བྲིས་ཚར་དུ་དངར་བ་མང་པོ་ཡོད་པ་དཔེར་ན། གཙོ་བོ་ཇོ་བོ་ཤཱཀྱ་མུ་ནེ་དང་། བཙན་པོ་རྣམས་ཀྱི་སྐུ་བརྙན། གུ་གེ་རྒྱལ་བློན་ཚོའི་འདྲ་རིས་ཀྱང་བྲིས་ཡོད། མཆོད་ཁང་སོ་སོའི་གོང་ལའི་སྟེང་དུ་ཤིང་ལས་བཟོས་པའི་སེང་གེ་དང་།  གླང་པོ་ཆེ།  རྟ།  འབྲུག རྨ་བྱ་སོགས་ཀྱིས་མཚོན་པའི་སྲོག་ཆགས་ཀྱི་གཟུགས་བརྙན་འདྲ་མིན་མང་པོ་བརྐོས་ཡོད་པས་མངའ་རིས་ཀྱི་འབངས་མི་ཚོས་དུས་ད་ལྟའང་སྲོག་ཆགས་དེ་ཚོར་དད་ཞེན་ཚད་མེད་བྱེད་ཀྱིན་ཡོད། གཞན་ཡང་ཤུལ་རྙིང་དེའི་མཐའ་སྐོར་ནས་ཁྲབ་རྨོག་དང་།  ཕུབ།  མདའ་མདུང་ལ་སོགས་པའི་གནའ་བོའི་གོ་མཚོན་གྱི་རིགས་ཀྱང་རྙེད་ཀྱིན་ཡོད་ལ། ས་མཐོའི་ཁུལ་འདི་ནམ་ཟླ་སྐམ་ཤས་ཆེ་ལ་དབྱང་རླུང་ཉུང་བ་བཅས་ཀྱིས་རྐྱེན་པས་གནའ་བོའི་དངོས་རྫས་དེ་རྣམས་དུས་ད་ལྟའང་ཉམས་ཆག་སྤུ་ཙམ་ཡང་བྱུང་མེད།

<