ཤ་མྱེད་གངས་དཀར།

2018-11-20

 

   ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། དེ་ནི་དེང་སང་རྣམ་གླིང་རྫོང་གི་ཤར་བྱང་དུ་ཡོད་པའི་ལྷ་བུ་གངས་དཀར་བྱ་བའི་གངས་རི་དེའི་མིང་ཡིན།

   ངོ་སྤྲོད་མདོར་བསྡུས།

  གངས་རི་ཞིག་གི་མིང་སྟེ། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་མགར་གྱི་བུ་རྒྱུད་ཀྱིས་བཙན་པོར་གློ་བ་རིང་བའི་སྐབས་བཙན་པོ་འདུས་སྲོང་གིས་བླངས་པའི་མགུར་ཚིག་ནང་། “ཤ་མྱེད་ནི་གངས་ཀར་མཁྱེན”ཞེས་བྱུང་བས། དེ་ནི་དེང་སང་རྣམ་གླིང་རྫོང་གི་ཤར་བྱང་དུ་ཡོད་པའི་ལྷ་བུ་གངས་དཀར་བྱ་བའི་གངས་རི་དེའི་མིང་ཡིན་པ་དེང་སང་གི་མཁས་པ་དང་། ཁྱད་པར་སི་ཏུ་ཆོས་ཀྱི་རྒྱ་མཚོས་མཛད་པའི《ཀ༔ཐོག་སི་ཏུའི་དབུས་གཙང་གནས་ཡིག》གིས་གསུངས། མིང་གཞན་ལ་ཇོ་མོ་གངས་དཀར་ཡང་ཟེར། མཁས་པ་ལྡེའུས་མཛད་པའི《རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ》སོགས་བོད་ཀྱི་ལོ་རྒྱུས་ཡིག་རྙིང་དག་ལ་བལྟས་ན། ཇོ་མོ་གངས་དཀར་བྱ་བའི་མིང་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་ཐོགས་པར་མངོན་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ་སྔར་བསམ་ཡས་དགོན་པ་གསར་དུ་བཞེངས་སྐབས་ལྷ་འདྲེ་གདུག་པ་ཅན་གྱིས་རྩིག་ཏུ་མ་སྟེར་བས། དྲག་པོ་མངོན་སྤྱོད་ཀྱིས་འདུལ་དགོས་ཞེས་གསུངས་པ་ལྟར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དྲག་པོའི་དངོས་གྲུབ་ཐོབ་པའི་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་ཞུས། སློབ་དཔོན་ཉིད་སྟོད་མངའ་རིས་ནས་མར་ཕེབས་པའི་ལམ་བར་དུ་བསྟན་མ་བཅུ་གཉིས་ཀྱིས་གནོད་འཚེ་བྱེད་པར་འོང་བས། སློབ་དཔོན་གྱིས་མཐུ་རྫུ་འཕྲུལ་ལ་བརྟེན་ནས་དེ་རྣམས་དམ་ལ་བཏགས་ཏེ་བོད་ཁམས་སྐྱོང་བའི་སྲུང་མར་བསྐོས་ནའང་། དེའི་ནང་ཚན་ལྷ་མོ་གངས་དཀར་མ་བྱ་བས་མ་ཉན་པར་མཚོའི་ནང་བྲོས། དེ་ནས་སློབ་དཔོན་གྱིས་མཚོ་དེ་ལ་དམིགས་པ་མཛད་པས། མཚོ་ཁོལ་ནས“མོ་ཤ་རུས་བྱེ་ནས། རུས་པའི་བུད་མེད་གཅིག་སྐྱ་ཀྲོང་ངེ་བ་བྱུང་བས། ཤ་མེད་གངས་དཀར་མར་ཐོགས་སོ།”དེ་ནས་ཀྱང་བྲོས་སོང་བ་ལ། སློབ་དཔོན་གྱིས་རྡོ་རྗེ་འཕངས་པ་དང་ལྷ་དེས་ཕྱིར་མིག་བལྟས་པས་མིག་གཡས་པ་ཞར་ཏེ། རྡོ་རྗེ་སྤྱན་གཅིག་མ་ཞེས་ཐོགས། སློབ་དཔོན་པད་མས་ལྷ་མོ་དེ་དམ་ལ་བཏགས་རྗེས་དབང་བསྐུར་བའི་གསང་མཚན་ལ་རྡོ་རྗེ་གཡུ་སྒྲོན་མ་ཞེས་གསོལ། ལྷ་དེ་ཤངས་རྣམ་གླིང་རྫོང་གི་ལྷ་བུ་གངས་དཀར་དུ་འབོད་པའི་རི་དེ་ལ་གནས་པའི་ཆ་ནས་གངས་རི་དེ་ལ་ཇོ་མོ་གངས་དཀར་ཤ་མེད་ཅེས་ཀྱང་གྲགས།

  དཔྱད་གཞིའི་ཡིག་ཆ།

   མིག་དམར་ཚེ་རིང་ནས་བརྩམས་པའི 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས་བྱུང་བའི་བོད་ལྗོངས་ས་མིང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2005ལོའི་ཟླ8པའི་པར་གཞི་དང་པོ། ཤོག་གྲངས52-54ན་གསལ།

<