མྱང་རོ་ཐལ་བ་ཚལ།

2018-11-20

 

   ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། དེ་ནི་བཙན་པོའི་སྐབས་སུ་མྱང་རོ་སྟོང་སྡེའི་མངའ་རིས་ཀྱི་ཡུལ་ཆུང་ཞིག་ཡིན།

  ​ངོ་སྤྲོད་མདོར་བསྡུས།

  གྲི་གུམ་བཙན་པོ་དང་ལོ་ངམ་རྟ་རྫི་གཉིས་གཡུལ་འགྱེད་བྱེད་ས། ལོ་རྒྱུས་དེབ་ཐེར་ནང་གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་འཐབ་པའི་རྐྱེན་གང་གིས་བསླངས་པར་བཞེད་ཚུལ་མི་འདྲ་བ་དུ་མ་ཡོད་ནའང་། ལོ་ངམ་གྱིས་གཡོ་སྒྱུའི་ཐབས་ལ་བརྟེན་ནས་ཡུལ་མྱང་རོ་ཐལ་བ་ཚལ་དུ་གྲི་གུམ་བཙན་པོ་བཀྲོངས་པར་ཀླན་ཀ་ཅི་ཡང་མེད། ཡུལ་མིང་མྱང་རོ་ཐལ་བ་ཚལ་ཞེས་ཐོགས་ཚུལ་ལ《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས་འདི་ལྟར་བྱུང་སྟེ། གྲི་གུམ་བཙན་པོས་བཙན་ཤེད་ཀྱིས་ལོ་ངམ་ལ་འཐབ་ཟླ་བྱེད་དགོས་པའི་བཀའ་བཏང་བས། ཐོག་མར་ལོ་ངམ་སེམས་མ་བདེ་བར་གྱུར། དེ་ནས་ལོ་ངམ་གྱིས་རྨི་ལམ་དུ་བོན་གྱི་བཀའ་སྲུང་ཞིག་གིས་ཇི་ལྟར་སྨྲས་པ་དེ་ལྟར་གྲི་གུམ་བཙན་པོར་ཞུས་པ།“རྗེའི་འཐབ་ཟླ་བདག་གིས་མི་འོང་མོད། ཀུ་རེའི་ཚུལ་དུ་རོལ་མོ་ཞིག་འབུལ་བ་ལགས་པས། ཟླ་བ་ཕྱི་མའི་ཉ་ལ་རྒྱལ་རྟ་དམར་ལ་ཆིབས་ལ་བྱོན། སྤྲེལ་དང་བྱི་ལ་སྔ་ཤད་དང་ཕྱི་ཤད་ལ་ཐོགས། དཔྲལ་བར་དངུལ་དཀར་མེ་ལོང་གིས་བརྒྱན། རལ་གྲི་དམུ་ཚ་ཀླད་ལ་བསྐོར་ཞིང་། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་མདུང་རྩེ་སྲིན་མོ་རྐང་བཙུག་པ་རེ་ཁོལ་ལ་བྱོན། དེ་རྣམས་ཕྱོགས་ཐུབ་ཀྱི་རྫས་ལགས་སོ། དེ་ལྟར་མ་བྱས་ན་བདག་ཅག་ཡོད་པའི་ས་ཕྱོགས་ཀྱི་ལྷ་འདྲེ་རྣམས་ཡང་རུ་འཐུང་བས་རྗེའི་སྐུ་ཚེ་ལ་གནོད་པ་གང་ནས་ཡོང་མ་ངེས་ལགས་པས་དེ་ལྟར་མཛད་པར་ཞུ”ཞེས་གསོལ། “......རྒྱལ་པོས་ཀྱང་ཆད་ལ་བརྩོན་ཏེ་ལོ་ངམ་གྱིས་ཇི་ལྟར་བསྒོ་བ་བཞིན་ཆས་ཏེ་བྱོན།”མཐར་ལོ་ངམ་གྱིས་ཕྱི་ཚུལ་དུ་གྲི་གུམ་བཙན་པོར“སྒྲ་དང་རོལ་མོས་བསུ་བ་བྱས་པས། བ་དམར་དང་གླང་དམར་རྣམས་འདྲོགས། ཐལ་སྒྲོ་ཐམས་ཅད་མདུང་རྩེས་ཕུག ལས་རླུང་གིས་གཡོས་ཏེ་ཐལ་འཚུབས་སུ་རིང་གིས་སོང་བས་ས་དེ་ལ་ད་ལྟར་ཉང་རོ་ཐལ་བ་ཚལ་བྱ་བ་ཡོད་སྐད”ཅེས་བྱུང་། ཡུལ་མྱང་རོ་ཐལ་བ་ཚལ་དེ་བཙན་པོའི་སྐབས་སུ་མྱང་རོ་སྟོང་སྡེའི་མངའ་རིས་ཀྱི་ཡུལ་ཆུང་ཞིག་ཡིན་པ་དང་། དེང་སང་གཞིས་ཀ་རྩེ་ས་ཁུལ་གྱི་རྒྱལ་རྩེ་རྫོང་ངམ་སྣམ་རྫོང་གང་རུང་ཞིག་གི་ཁོངས་སུ་ཡོད་པ་གོང་ཞུས་མྱང་རོ་ཤམ་པོའི་སྐབས་ལས་རྟོགས་ནུས་ཤིང་། ཁོ་བོས་ཀྱང་རྒྱུ་མཚན་དེ་ལྟ་བུར་བརྟེན་ནས་རྒྱལ་རྩེ་རྫོང་དང་པ་སྣམ་རྫོང་གི་ས་ཁོངས་ལས། དོགས་གཞི་ཡོད་ངེས་ཀྱི་ས་ཆ་རྣམས་སུ་ཐལ་བ་ཚལ་བྱ་བའི་ས་མིང་ཞིག་ཡོད་མེད་ལ་འདྲི་རྩད་གང་ཙམ་བྱས་པ་ཡིན། བསམ་ཡུལ་ལས་མ་འདས་པ་ནི་དེང་སང་རྒྱལ་རྩེ་རྫོང་ཁོངས་ལུང་མར་ཤང་གི་ནང་དུ་ཐལ་བ་ཚལ་བྱ་བའི་ས་མིང་ཞིག་ཡོད་པ་བསྟན་མོད། འོན་ཀྱང་དེ་ཉིད་གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་འཐབ་སའི་མྱང་རོ་ཐལ་བ་ཚལ་ཞེས་པ་དེ་ཡིན་མིན་ལ་ལོ་རྒྱུས་ཀྱི་དཔང་རྟགས་མ་རྙེད་པས། རེ་ཞིག་བརྟག་དཔྱད་ཞིབ་འཇུག་གི་ས་བོན་དུ་བཏོན་ན་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཡིན།

  དཔྱད་གཞིའི་ཡིག་ཆ།

    

<