གློ་བོ(ས་མིང)།

2018-11-20

 

   ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་ས་ཆའི་མིང་དང་དེང་སང་ལྷོ་པ་རིགས་སུ་འབོད་པའི་ལྷོ་པའི་མེས་པོ།

  ངོ་སྤྲོད་རགས་བསྡུས།

  ས་ཆའི་མིང་དང་དེང་སང་ལྷོ་པ་རིགས་སུ་འབོད་པའི་ལྷོ་པའི་མེས་པོ། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་ཀློ་དང་བློ། ལྷོ་ཞེས་འབྲི། གནས་ཡུལ་གཙོ་བོ་བོད་ཀྱི་ལྷོ་ཕྱོགས་སུ་ཡིན་པའི་ཆ་ནས་ལྷོ་པ་ཞེས་བརྗོད་ནའང་། ཕྱིས་སུ་དེའི་སྒྲ་འགྱུར་བའམ་ཡང་ན་དེ་གའི་ཡུལ་གྱི་གོམས་གཤིས་སོགས་གནའ་རབས་གདོད་མའི་འཚོ་བ་སྐྱེལ་སྟངས་རྒྱུན་འཛིན་བྱས་ཏེ་བོད་ཞི་བས་བཅིངས་འགྲོལ་མ་བཏང་བར་དུ་གནས་མུས་ཡིན་པའི་ཆ་ནས་ཀློ་པ་ཞེས་བརྗོད། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པའི་ནང་།“བྱི་བའི་ལོ་ལ་བབ་སྟེ།......བློན་ཆེ་སྟོང་རྩན་གྱིས་གློ་བོ......བཀུག་ཕར་ལོ་གཅིག”ཅེས་གསལ་པ་འདི་ནི་ལྷོ་པའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་སུ་སྣང་ཞིང་། ཆུ་བྱི་སྤྱི་ལོ652ལོ་སྟེ་བཙན་པོ་མང་སྲོང་མང་བཙན་གྱི་སྐུ་དུས་སུ་ལྷོ་པ་རྣམས་སྤུ་རྒྱལ་བཙན་པོའི་མངའ་འབངས་སུ་གཏོགས་པ་ཡིན་འདུག ལོ་རྒྱུས་ཐོག་ཀློ་སྟོད་ཀློ་སྨད་ཅེས་ཡུལ་ཁག་ཆེན་པོ་གཉིས་སུ་དབྱེ་ནའང་། ལྷོ་པའི་གནས་ཡུལ་གཙོ་བོ་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་གནས་སྒོ་ཕྱེ་བར་གྲགས་པའི་སྦས་ཡུལ་པད་མ་སྒང(པད་མ་བརྐོས་ཀྱང་ཞུ)སྟེ། དེང་སང་ཀོང་པོ་ཉིང་ཁྲི་ས་གནས་མེ་ཏོག་རྫོང་ཁུལ་ལྟེ་བར་བྱས་པའི་དེ་གའི་ཉེ་ཁུལ་གྱི་ས་ཆ་རྣམས་ཡིན་པར་སྣང་། དུས་རབས་བཅུ་བདུན་ཙམ་ལ་ཀློ་སྟོད་ཁུལ་དུ་མོན་པ་ཇི་སྙེད་ཅིག་ཉེན་གཡོལ་དུ་རིམ་པར་འབྱོར་བ་ནས་བཟུང་ཀླུ་སྟོད་ཀྱི་ལྷོ་པ་ཕལ་ཆེ་བ་ཀློ་སྨད(ཀློ་སྨད་ཀྱི་ས་ཆ་ཕལ་ཆེ་བ་ནི་དེང་སང་ཧིན་རྡུས་བཙན་བཟུང་བྱས་པའི་ཁོངས་སུ་ཡོད)ཕྱོགས་སུ་བྲོས་བྱོལ་ལ་སོང་བར་གྲགས།

  གཞན་དུང་དཀར་ཚིག་མཛོད་སོགས་སུ་དེ་ནི་རྫོང་ཁ་བའི་དཔོན་ས་འཕར་བའི་སྡེ་དཔོན་ཡིན། དེ་ཡང་དཔོན་ཨ་མ་དཔལ་གྱི་རིང་ཐོག་མར་ཆོས་རྗེ་ཕྱོགས་ལས་པ་བླ་མར་བསྟེན་ཅིང་ཕྱིས་ས་སྐྱའི་ངོར་པ་ཀུན་དགའ་བཟང་པོ་བླ་མར་བསྟེན། མངའ་ཁོངས་ཀྱི་ཆོས་སྡེ་རྣམས་ནའང་ཆོས་ལུགས་གཞན་འཛིན་མི་བྱེད། སྤྱིར་ས་སྐྱ་པ་དང་སྒོས་ངོར་པ་ཡིན་གཅིག་མིན་གཅིག་བྱེད་དུ་བཅུག་སྟེ། དགེ་ལུགས་པར་སྡང༌། དེ་རྗེས་དཔོན་བཀྲ་ཤིས་མགོན་གྱི་རིང་ཡང་ཆོས་ལུགས་སྔར་བཞིན་དགེ་ཕྱོགས་སྟོབས་ཆེ།

    དཔྱད་གཞིའི་ཡིག་ཆ།   

<