བ་ལམ།

2018-11-20

 

   ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་སྟེ། དེང་སང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སྐྱིད་ཆུའི་ལྷོ་ངོས་ན་ཡོད་པའི་གནའ་བོའི་ས་མིང་ཞིག་གོ།

  ངོ་སྤྲོད་མདོར་བསྡུས།

  《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས། “བྱི་བའི་ལོ(མེ་བྱི་སྤྱི་ལོ676ལ་བབ་སྟེ། ཁྲི་མང་སློན་དགུང་ཏུ་གཤེགས།......གླང་གི་ལོ(མེ་གླང་སྤྱི་ལོ677)ལ། སྤུར་བ་ལམ་ན་མཁྱུད་ཅིང་བཞུགས།......སྟག་གི་ལོ(ས་སྟག་སྤྱི་ལོ678)ལ་བབ་སྟེ། བཙན་པོ་ཡབ་གྱི་རིང་། བ་ལམ་ན་མཁྱུད་ཅིང་བཞུགས།......ཡོས་བུའི་ལོ(ས་ཡོས་སྤྱི་ལོ679)ལ། པྱིང་བར་བཙན་པོ་ཡབ་ཀྱི་མདང་བཏང”ཞེས་གསལ་བ་ལྟར། ས་གནས་དེར་བཙན་པོའི་སྤུར་འཇོག་པའི་གསང་བའི་རིང་ཁང་སྟེ། སྤུར་ཁང་ཞིག་ཡོད་པར་མངོན། བོད་ཀྱི་ལོ་རྒྱུས་དེབ་ཐེར《ལྡེའུ་ཆོས་འབྱུང》གིས་བོད་བཙན་པོའི་སྐབས་ཀྱི་རུ་སྡེ་རེ་རེའི་ཁོངས་སུ་ཡོད་པའི་ཡུལ་དཔོན་ཚན་བཅུ་དྲུག་རྣམས་རེ་རེ་བཞིན་འདྲེན་སྐབས།“དབུ་ཡོད་པའི་ཡུལ་དཔོན་ཚན་བཅུ་དྲུག་ནི། སྟོད་ལུང་ལ་ཡུལ་དཔོན་གཅིག......བ་ལམ་ལ་གཅིག......”ཅེས་བ་ལམ་བྱ་བ་དེ་དབུས་གཙང་རུ་བཞིར་ཕྱེ་བའི་དབུ་རུའི་ཁོངས་ཀྱི་ས་ཆ་ཞིག་གི་མིང་ཡིན་པ་གསལ་བསྟན་གནང་ཡོད་ལ། ཁྱད་པར་བཙུན་མོ་བཀའི་ཐང་ཡིག་ནང་ས་ཆ་དེ་ཉིད་དབུ་རུའི་ཁོངས་སུ་ཡོད་ཚུལ་བསྟན་པ་ཙམ་མ་ཟད། གོམ་གང་མདུན་སྤོས་ཀྱིས་ས་ཆ་དེ་ཉིད་བསམ་ཡས་ནས་དགོད་དཀར་ལ་བརྒལ་རྗེས་ཐུག་གི་ཡོད་ཚུལ་དང་། ས་མིང་དེ་ཡང་སློབ་དཔོན་བེེ་རོ་ཙ་ན་བསམ་ཡས་ལུང་པའི་ཕུ་ནས་དགོད་དཀར་ལ་བརྒྱུད་དེ་ལའི་ཚུར་ནང་ལ་ཕེབས་སྐབས་ལམ་བར་དུ་བ་གཅིག་ཤི་བ་གཟིགས་པས་དེ་གའི་ཡུལ་གྱི་མིང་ལ་བ་ལམ་ཞེས་ཐོགས་ཚུལ་སོགས་གསལ་བོར་བཤད་འདུག དེ་ནི《བེེཌཱུརྱ་སེར་པོ》ཡི་ནང་དུའང་གསལ་འདུག ད་དུང་དེར་མ་ཟད《ལྡེའུ་ཆོས་འབྱུང》གིས་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་བོད་ཀྱི་ས་ཆ་རྣམས་སུ་ཕེབས་པའི་སྐོར་གླེང་སྐབས“དེ་ནས་ལྷ་སར་ཇོ་བོ་ཤཱཀྱ་ལ་མཆོད་པ་འབུལ་གྱིན་ཞག་གསུམ་བཞུགས......དེ་ནས་བ་ལམ་གྱི་ལ་ལ་བྱོན་ནས། བསམ་ཡས་ཁུ་ན་མར་བྱོན”ཞེས་དགོད་དཀར་ལ་ཡི་མིང་གཞན་ལ་བ་ལམ་ལ་ཡང་ཟེར་བ་བསྟན། དེ་ནས་དགོད་དཀར་ལ་ནི་དེ་སྔོན་འགྲིམ་འགྲུལ་ཡོ་ཆས་ཞན་པའི་ལོ་ཟླའི་ནང་། ལྷ་ས་ནས་བསམ་ཡས་སོགས་ལྷོ་ཕྱོགས་སུ་འགྲོ་བའི་འགྲིམ་འགྲུལ་གྱི་ལ་ཁ་གཙོ་བོ་ཞིག་ཡིན། དེའི་ཕྱིར་བ་ལམ་བྱ་བའི་ས་ཆ་དེ་ནི་དགོད་དཀར་ལའི་བྱང་འདབས་ཀྱི་ཉེ་འཁོར་ན་ཡོད་ངེས་པ་དང་། དེང་སང་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སྐྱིད་ཆུའི་ལྷོ་ངོས་ན་ཡོད།

<