མཛོད་དགེའི་མིང་བྱུང་ཚུལ།

2017-12-06

 

    བོད་ཀྱི་རྒྱལ་པོ་མངའ་བདག་ཁྲི་རལ་གྱི་དུས་སུ་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་བོད་ཀྱི་མངའ་འོག་ཡིན་སྟབས་དགའ་ཡེ་ཤེས་དར་རྒྱས་ཟེར་བའི་བོད་བློན་ཞིག་ཁྲལ་བསྡུ་རུ་མདོ་སྨད་ཀྱི་ས་ཆ་འདི་རུ་ཐོན། དེས་ཡུལ་འདིར་ཆུ་བོ་ཆེན་པོ་གསུམ༼རྨ་ཆུ་རྨེ་ཆུ་སྐ་ཆུ༽འབབ་ཅིང་རྩྭ་ཐང་ཤིན་ཏུ་ཁོད་ཡངས་པར་མཐོང་ནས་ས་འདིར་འབྲོག་སྡེ་འཛུགས་དགོས་ཟེར་ནས་གཞི་བཟུང་། དེ་ནས་ཁོང་གིས་བཙུན་མོ་ལྔ་བླངས་ཟེར།

 

  དེའི་བུ་ཆེ་བ་དགའ་སྟག་ཐུལ་ཅན་དང་། ཆུང་བ་དགའ་སྤྱང་ཐུལ་ཅན་གཉིས་ཀྱི་དང་པོ་དགའ་སྟག་རིས་ཅན་ནམ་སྟག་ཐུལ་ཅན་གྱི་རྒྱུད་ལ་བླ་མ་དགེ་འདུན་ཟེར་བ་ཞིག་བྱུང་། དེས་རང་སའི་དཔོན་དང་རྒྱ་ནག་ཏུ་འགྲོ་བའི་བླ་མ་ཆེན་པོ་དག་གི་ཕྱག་མཛོད་བྱས།

  དེ་བཞིན་ཕྱོགས་ཡར་མར་དུ་འགྲོ་འོང་མང་དུ་བྱས་པས་ཕྱག་མཛོད་དགེ་འདུན་ནམ་མཛོད་པ་དགེ་འདུན་ཞེས་མིང་གྲགས་ཅན་ཞིག་བྱུང་། དེའི་རྒྱུད་དང་རུ་སྡེ་ལས་མཛོད་དགེ་ཞེས་པའི་མིང་ཡུལ་ཁམས་སྤྱི་ལ་ཆགས་པར་གསུངས་སོ། ། 

<