མཚོ་སྔོན་པོ།

2016-12-13

1458801316869715.png

     མཚོ་ཁྲི་ཤོར་རྒྱལ་མོ། མཚོ་སྔོན་པོ་ཁྲི་ཤོར་རྒྱལ་མོར་གྲགས་པ་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དང་མཚོ་བྱང་ཁུལ་གཉིས་ཀྱི་བར་དུ་གནས་ཤིང་། མཚོའི་མཐའི་རིང་ཚད་ལ་སྤྱི་ལེ་སུམ་བརྒྱ་དྲུག་ཅུ་ཡོད་པ་དང་། མཚོ་ངོས་ལ་སྤྱི་ལེ་གྲུ་བཞི་མ་བཞི་སྟོང་དྲུག་བརྒྱ་སོ་ལྔ་ཡོད། གཡུ་ཡི་མེ་ལོང་དང་འདྲ་བའི་མཚོ་སྔོན་པོའི་མཐའ་སྐོར་ནི་མུ་མེད་ཀྱི་རྩྭ་ཐང་ཡིན་ལ། མཁའ་ན་སྤྲིན་དཀར་ལྡིང་ཞིང་ས་ན་ཕྱུགས་ཟོག་རྩེན་པའི་འདུ་འགོད་ཁྲོད་ན། མཚོ་སྔོན་པོ་དྭངས་ཤིང་གསལ་ལ་ཡིད་དུ་འོང་བའི་རྣམ་པ་དེས་ཀུན་ཡིད་དབང་མེད་དུ་འཕྲོག་པར་བྱེད་པ་ཡིན། མཚོ་སྔོན་པོའི་བྱ་གླིང་མཚེར་བ་རི་ནི་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་འགུག་པའི་ལྕགས་ཀྱུར་གྱུར་ཡོད། མཚོ་འདི་ལ་མཚོ་སྙིང་མ་ཧཱ་དེ་བ་དང་། འདྲེ་མོ་བྲག་དཀར་ཞེས་པའི་རི་ཆུང་དེའུ་འབུར་གཉིས་ཀྱིས་མཚན་ཡོད་པ་དང་། མཚོ་སྙིང་འདིའི་སྟེང་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་ཆེན་དུ་མ་ཞིག་གིས་སྒྲུབ་སྦྱོང་མཛད་མྱོང་ལ། ད་ལྟའང་རྟེན་གསུམ་མང་དུ་མཇལ་རྒྱུ་ཡོད། མཚོ་སྔོན་ཁྲི་ཤོར་རྒྱལ་མོ་དང་། མཚོ་སྙིང་མ་ཧཱ་དེ་བ། འདྲེ་མོ་བྲག་དཀར་བཅས་ལ་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་མགར་སྟོང་བཙན་དང་འབྲེལ་བའི་ངག་རྒྱུན་ཉན་སྤྲོ་བ་ཞིག་ཀྱང་ཡོད། ད་རུང་མཁའ་སྤྱོད་མའི་ཞིང་ཁམས་སུ་འཆད་པས་དད་ལྡན་འདྲེན་པའི་ཞིང་མཆོག་ཅིག་ཡིན་པ་དང་། སློབ་དཔོན་པདྨས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས་བཞག་ཅེས་པའི་ཕྱག་རྗེས་ནམ་མཁའ་ནས་མཇལ་དུ་ཡོད་པ་དང་། ཨ་མྱེས་རྨ་ཆེན་གྱི་བཙུན་མོ་གནས་པའི་ཡུལ་དུའང་འཆད་པས་ལུག་ལོར་མཚོ་སྐོར་བྱེད་པའི་སྲོལ་ད་ལྟའི་བར་ཡོད།

<