ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་བྲིས།

2020-03-05
0

གཉིས།

ཏུན་ཧོང་བྲག་ཕུག་ནི་དེང་གི་སྲིད་འཛིན་ལམ་ལུགས་ཀྱི་དབང་དུ་བྱས་ན། ཀན་སུའི་ཞིང་ཆེན་གྱི་ནུབ་མཐའི་རྫོང་ཞིག་སྟེ་ཏུན་ཧོང་རྫོང་གི་ཉེ་འདས་ཀྱི་སྤྱི་ལེ་ཉེར་ལྔའི་མཚམས་ན་ཆགས་ཡོད། རྫོང་མཁར་དེ་ནི་ལན་གྲུ་གྲོང་ཁྱེར་ནས་ལེ་བར་སྟོང་ཕྲག་གིས་ཆོད་ཅིང་མུ་མཐའ་མེད་པའི་བྱེ་ཐང་གིས་ཁེངས་པའི་མྱ་ངན་གྱི་ཐང་ཆེན་པོའི་གནས་སུ་ཆགས།  སྔོན་གྱི་དུས་སུ་རྒྱ་ནག་དང་བོད། ལི་ཡུལ། ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོའི་བར་དར་གོས་གཙོས་བའི་ཚོང་རྫས་མང་པོ་སྐྱེལ་སའི་གནས་ཡིན་པས་ཡུལ་འདི་ལ་ལོ་རྒྱུས་སྟེང"དར་གོས་ཚོང་ལམ་"ཞེས་འབོད། རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ཀྱི་སྡེ་སྣོད་འཛིན་པ་ཐང་སན་བླ་མ་ཕྱི་ལོ629ལོར་ཡུལ་འདི་བརྒྱུད་ནས་རྒྱ་གར་འཕགས་ཡུལ་དུ་ཕེབས་ཚུལ་སུམ་པ་ཚང་གིས་གསུངས་ལ།  ཏུན་ཧོང་དངོས་མང་བཤམས་སྟོན་ཁང་ན་ཡང་དེའི་སྐོར་བྲིས་འདུག  རྒྱ་གར་གྱི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བེ་རོ་ཙ་ན་མཆོག་ཀྱང་ཡུལ་འདིར་ཕེབས་ནས་འགྲོ་དོན་མཛད་ཅེས་གནའ་བོའི་ཡིག་རྙིང་ནས་བཤད།  གནའ་དུས་སུ་ཡུལ་འདི་ནུབ་བྱང་ས་ཆའི་ཆོས་ལུགས་ཀྱི་ལྟེ་བ་ཞིག་ཏུ་གྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྲགས། དགེ་ཆོས་ཀྱི་《དེབ་དཀར་》ལས་ཀྱང་། "སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དར་བ་ལས། སྲོང་བཙན་གྱི་སྐུ་དུས་ཙམ་ན་ཆོས་བསྣུབས་ཏེ། དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང་།"ཞེས་གསུངས་པ་ལྟར།  ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་དུ་མི་རིགས་མང་པོའི་ཚོང་པ་དང་ཆོས་ལུགས་མི་སྣ། ལག་ཤེས་པ་སོགས་ཡུལ་འདིར་འདུས་ནས་ལག་རྩལ་དང་བསམ་བློ་བརྗེ་རེས་བྱས་མྱོང་ལ། དུས་རབས་མི་འདྲ་བའི་ནང་དུ་དམག་འཁྲུག་གི་འཁོར་ལོ་ཡང་རབས་དང་རིམ་པ་མང་དུ་བསྐོར་མྱོང་སྐད།

《དེབ་དཀར་》ལས།"ལི་ཡུལ་གྱི་བར་མཐའ་ཏོང་ཧང་བྱ་བའི་གནས་སུ"ཞེས་ཏུན་ཧོང་ནི་གནའ་དུས་ཀྱི་ལི་ཡུལ་དང་དེང་གི་ཤིན་ཅང་གི་མཐའ་མཚམས་སུ་ཡོད་པར་གསུངས་ལ། ཕྱི་རབས་ཀྱི་ལོ་རྒྱུས་སྨྲ་བ་དག་ནས་ཀྱང་ཏུན་ཧོང་ནི་སྔོན་གྱི་དུས་ལི་ཡུལ་གྱི་ཁོངས་གཏོགས་ཀྱི་ཡུལ་གྲུ་ཞིག་ཡིན་པར་ཞལ་གྱིས་བཞེས།  བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་ལི་ཡུལ་ནི་ལོ་ངོ་དུ་མའི་རིང་ལ་བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་གནས་བར་བཤད་དེ། 《དེབ་དཀར་》ལས།"ཡུལ་འདི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས། སྔར་བོད་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་བ་ཙམ་ཡིན་མོད། དགྲ་བཅོམ་དགེ་འདུན་འཕེལ་གྱི་ལི་ཡུལ་ལུང་བསྟན་དུ་ཡང་གསུངས་ཏེ། དེ་ལ་མང་པོ་ཞིག་ནི་བོད་ཀྱི་རྒྱལ་བོས་འཛིན་པར་འགྱུར་རོ། །ཞེས་དང་། གླང་རུ་ལུང་བསྟན་གྱི་མདོ་ལས་ཀྱང་། མ་འོངས་པ་ན་ལས་ཀྱི་དབང་གིས་ཡུལ་འདིར་བོད་དང་སུམ་བྷའི་དམག་རྣམས་ཀྱང་འོང་བར་འགྱུར་ཏེ།  སོགས་གསུངས་སོ། །སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ།  ཁོང་ཚོའི་རིགས་དེ་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད། གཞན་ཡང་སྔ་རྟགས་འཁྲུལ་མེད་ལྟ་བུར། ཉེ་དུས་འདིར་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས། སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ།  དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་ཐོན་ནས། རྒྱལ་ཁབ་དུ་མར་འཁྱེར་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ། །"ཞེས་དགེ་ཆོས་ལགས་ནས་གསུངས་བ་ནང་བཞིན། ལི་ཡུལ་དེ་བོད་ཀྱི་མངའ་ཁོངས་སུ་འདུས་པའི་བདེན་པའི་དཔང་རྟགས་སུ་ཡུལ་འདི་ནས་བོད་སྔ་རབས་ཀྱི་དངོས་ཆས་མང་པོ་དང། ལྷག་པར་དུ་བོད་བཙན་པོའི་བཀའ་ཡིག་ཁྲམ་ཤིང་ལ་བཀོད་པ་མང་པོ་རྙེད་པ་དང་།  སྐབས་དེའི་བོད་བཙན་པོའི་རྒྱལ་ས་གནས་མཆོག་ལྷ་ས་ནས་སླུངས་ཚང་ངམ་འབབ་ཚིགས་ཀྱི་ལམ་ལུགས་ལི་ཡུལ་བར་དུ་བཙུགས་པ་དང་། ཏུན་ཧོང་གི་ལྡེབས་རིས་ངོས་སུ་ཡང་བོད་བཙན་པོའི་སྐུ་བརྙན་ཡོད་ལ།  བྲག་ཕུག་ཨང17ནང་ནས་ཀྱང་བོད་ཡིག་གི་དེབ་འབོར་ཆེན་མང་པོ་ཐོན་པ་སོགས་ལ་གཞིགས་ན་ཡང་། ལི་ཡུལ་དང་ཏུན་ཧོང་ནི་སྔར་བོད་ཀྱི་མངའ་ཁོངས་སུ་བསྡུས་པ་ཡིད་ཆེས་པའི་གནས་དང་བོད་དང་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་ཐུབ།  གཞན་བྲག་སྒོམ་པའི་《མདོ་སྨད་ཆོས་འབྱུང》དུ"མངའ་རིས་སྐོར་གསུམ་ནི་སྤུ་རངས་མང་ཡུལ་ཟངས་དཀར་གསུམ་སྐོར་གཅིག  ལི་བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག   ཞང་ཞུང་ཁྲི་སྡེ་སྟོད་སྨད་གསུམ་སྐོར་གཅིག"ཅེས་ལི་ཡུལ་མངའ་རིས་སྐོར་གསུམ་དུ་ཕྱེ་བའི་གྲས་སུ་བཞག་པར་གཞིགས་ན་ཡང་ཡུལ་འདི་སྔར་བོད་ཀྱི་མངའ་ཁོངས་ཤིག་ཡིན་པར་སེམས་སོ། །

  • 顶 0