ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་བྲིས།

2020-03-05
0

དྲུག

ཉིན་གཅིག་རིང་གི་གནས་སྐོར་ལྗོངས་རྒྱུའི་དུས་ཚོད་ནི་མདའ་མོ་ལྟོང་ལས་ཤོར་བ་ལྟར་རིང་དུ་མི་སྡོད་པར་ཕར་ལ་འདས་སོང་།  གནས་མཇལ་གྱི་ཐོག་མཐའ་ཀུན་ཏུ་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་བཀྲག་མདངས་རབ་ཏུ་འཚེར་བའི་ཏུན་ཧོང་གི་བྲག་ཕུག་དང་། གསོན་ཉམས་དང་མཛེས་རྩལ་གྱིས་ཕྱུག་པའི་སྐུ་བརྙན་དང་ལྡེབས་རིས་དག་གིས་ངའི་ཡིད་ཀྱི་བརྟན་པ་དབང་མེད་སུ་འཕྲོག་བྱུང་།  མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་སྙན་པ་འཛམ་གླིང་ལ་གྲགས་པའི་ཏུན་ཧོང་བྲག་ཕུག་གི་རིག་རྫས་དག་ནི།  ནང་བ་སངས་རྒྱས་པའི་དད་ལྡན་དག་གིས་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ལོ་རྒྱུས་ཀྱི་མཚོན་རྟགས་དང་རིག་གནས་ཤིག་གི་རྟགས་མཚན་དུ་གྱུར་ཡོད་པར་མ་ཟད།  ད་དུང་ལེ་བར་སྟོང་ཕྲག་གིས་ཆོད་པའི་ཡུལ་འདི་ལ་ཡང་བོད་བཙན་པོས་དབང་བསྒྱུར་གྱིས།  བཙན་པོའི་རིག་གནས་ཀྱི་སྙིང་སྟོབས་དང་མཛད་འཕྲིན་མཐོང་ཐུབ་པས།  ངའི་དྲན་འཛིན་གྱི་ངོས་སུ་རང་དབང་མེད་པར་སྤོབས་ཉམས་ཤིག་དང་ང་རྒྱལ་ཞིག་སྐྱེས་བྱུང་།  ཡིད་ཕངས་པ་ཞིག་ལ། འདི་ལས་ཐོན་པའི་བོད་ཡིག་གཙོས་གཏེར་ཡིག་དང་གནའ་རྫས་མང་པོ་ཞིག་འཛམ་གླིང་གི་གང་སར་འཁྱར་ཏེ་མང་པོ་ཞིག་མེད་བརླགས་དང་ལག་སོན་བྱུང་མེད་པ་ནི།  རིག་གནས་ཀྱི་གོད་ཆག་ཆེན་པོ་ཞིག་ཅི་ལ་མིན།  

ཕྱིར་འོང་བའི་ལམ་བར་དུ།  མུ་ནས་མུ་རུ་འབྲེལ་བའི་བྱེ་མའི་རི་རྒྱུད་དང་གསེར་མདོག་གི་མདངས་དང་ལྡན་པའི་བྱེ་མའི་ཐང་ཆེན།  སྔོ་ལྗང་གཡུ་ལོ་བཀྲ་བའི་རང་བྱུང་གི་ནགས་ཚལ།  ད་དུང་མཛེས་སྡུག་གི་རི་ཆུ་སོགས་རེས་མོས་ཀྱི་ཚུལ་དུ་རླངས་འཁོར་སྒེའུ་ཁུང་ལས་མཐོང་བྱེད་མིག་གི་དགའ་སྟོན་དུ་གྱུར་ན་ཡང་། ཕྱིར་དྲན་གྱི་འཆར་སྒོའི་ཀློང་དུ་ཚུད་པའི་བདག་གི་བསམ་པའི་རྟ་ཕོ་དེ།   ཏུན་ཧོང་སྒོ་མོ་ཆེའི་ཕྱོགས་སུ་ཡང་དང་བསྐྱར་དུ་འགོག་ཐབས་མེད་པར་ཤོར་འགྲོ། 

ཕྱི་ལོ2017ལོའི་བོད་ཟླ6པའི་ཚེས3ཉིན་ཁྲི་སྐལ་བཟང་བརྩོན་འགྲུས་ཀྱིས་སྔོན་མའི་ཏུན་ཧོང་གི་ཟིན་བྲིས་ལ་ཁ་སྣོན་དང་བཅས་སྤེལ་བའོ།། ཁ་དྲོ། 


  • 顶 0