ལ་མོ་ཆག་པ་པྲུམ།

2020-03-02
0


ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། དེང་སང་གི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོའི་རྒྱུད་ཀྱི་ས་མིང་ཞིག་ཡིན།

《ཏུན་ཧོང་བོད་ཀྱི་ཡིག་ཆ》ཡི་ནང་གསལ་བར་གཞིགས་ན། དེ་ནི་ཐོག་མར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁུལ་ཡིན་ཞིང་། སྟག་བུ་སྙ་གཟིགས་ཀྱི་སྐུ་ཚེའི་སྨད་ཆར་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་དབང་དུ་འདུས་འདུག འོན་ཀྱང་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་བྲན་དུ་ཚུད་པའི་མྱང་ཙེ་སྐུ་དང་དབས་ཕངས་ཏོ་རེ་དབྱི་ཚབ་གཉིས་ཀྱིས་རྗེ་གསར་པའི་བྱེད་སྟངས་ལ་ཡི་མ་རངས་པར་ངོ་ལོག་གིས་སྤུ་རྒྱལ་བཙན་པོར་མགོ་བཏགས་ཞུས་པ་མ་ཟད། དེ་རྗེས་སྤུ་རྒྱལ་བཙན་པོ་གནམ་རི་སྲོང་བཙན་གྱིས་དམག་དཔུང་དང་སྡེབས་ནས་ཟིང་པོ་རྗེའི་ས་ཁུལ་ཡོངས་རྫོགས་བཙན་པོའི་མངའ་ཁུལ་དུ་བསྡུས། དེ་ནས་བཙན་པོས་བཀའ་ཕབ་སྟེ། སྔར་ཡུལ་ངས་པོ་ཟེར་བར། ད་གཟོད་འཕན་ཡུལ་ཞེས་མིང་བརྗེས། ཕྱིས་བཙན་པོ་སྲོང་བཙན་སྐུ་གཞོན་ནུའི་སྐབས། ཡབ་ཀྱི་བློན་པོ་བྱས་རྗེས་ཅན་དབས་དབྱི་ཚབ་ལོ་རྒས་ནས་རང་ཁྱིམ་དུ་ངལ་གསོ་བཞིན་བསྡད་ཡོད་པའི་སྐབས་དབྱི་ཚབ་ཀྱིས“བདག་རྒན་པོ་ཙམ་ཞིག་མ་གུམ་པར། དབུ་སྙུང་ཁུད་པ་ཙམ་གསོལ། ། བདག་གི་བུ་ཚ་བྲོ་ཁུད་པར་སྩལ་པར་ཇི་གནང་། ། བཙན་པོ་ཡབ་ནི་བདག་གི་མཆིས་བྲང་དུ་གདན་བཏིང་ཡང་གནང་ན། ། ད་ཤུལ་ཡོགས་སུ་ལ་མོ་ཆག་པ་པྲུམ་དུ་ཕྱག་ཐབ་ཙམ་ཞིག་གསོལ་དུ་ཇི་གནང”ཞེས་ཞུས་པར། བཙན་པོ་སྲོང་བཙན་སྒམ་པོས་ཀྱང་དེ་ལྟར་གནང་རྒྱུར་ཞལ་བཞེས་མཛད་འདུག དེས་ན་གོང་གསལ་དབས་དབྱི་ཚབ་ཀྱིས་སྐད་ཆའི་ཐོག་ནས་དབས་དབྱི་ཚབ་ཀྱི་ཁྱིམ་ནི་ལ་མོ་ཆག་པ་པྲུམ་གྱི་རྒྱུད་ཡིན་པ་ཤེས་རྟོགས་གང་ལེགས་ཐུབ་པ་དང་། དབས་དབྱི་ཚབ་རང་ཡང་ཐོག་མ་ཇིད་ནས་ཡུལ་ངས་པོ་སྟེ་འཕན་པོ་ཁུལ་གྱི་འབངས་ཤིག་ཡིན་ཚུལ་ཏུན་ཧོང་ཡིག་རྙིང་ནང་གསལ་ཏེ། “དེ་ནས་ཡུལ་ངས་པོའི། འབངས། ། དབའས་དབྱྀ་ཚབ་ལ་སྩོགས་པས། ། བཙན་པོ་འི་མཚན་གསོལ་པ། ། ཆབ་སྲིད་གནམ་བས་མཐོ། ། དབུ་རྨོག་རི་བས་བརྩན་ཏེ། ། གནམ་རྀ་སློན་མཚན་དུ་བཏགསོ”ཞེས་བྱུང་བ་ལྟར་ཡིན། དེའི་ཕྱིར་ལ་མོ་ཆག་པ་པྲུམ་དེ་ཡང་དེང་སང་གི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོའི་རྒྱུད་ཀྱི་ས་མིང་ཞིག་ཡིན་པར་གོར་མ་ཆག་ལ། དེར་ད་ལྟ་ཡང་ཆག་ལ་བྱ་བའི་ས་མིང་ཡོད་མུས་ཡིན། མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་བཙན་པོའི་སྐབས་ཀྱི་ལ་མོ་ཆག་པ་པྲུམ་ནི“འཕན་ཡུལ་གྱི་ཆག་ལ་ཡིན”ཞེས་གསུངས་པ་དོན་དུ་གནས། 

  • 顶 0