གྲང་མོ་གནམ་བསེའ།

2020-03-02
0

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་ས་ཆའི་མིང་དང་སྤུ་དེ་གུང་རྒྱལ་གྱི་བང་སོའི་མིང་།

ས་ཆའི་མིང་དང་སྤུ་དེ་གུང་རྒྱལ་གྱི་བང་སོའི་མིང་། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ཞེས་པའི་ནང་། སྤུ་དེ་གུང་རྒྱལ་གྱིས་ལོ་ངམ་གྱི་མཁར་མྱང་རོ་ཤམ་པོ་ཕབ་ནས་སླར་ཡར་ལུང་ཕྱིང་བ་སྟག་རྩེར་ཕེབས་པའི་སྐོར་གླེང་རྗེས“བཤོས་ན་ནི་སྤུ་དེ་གུང་རྒྱལ། གྲོངས་ན་ནི་གྲང་མོ་གནམ་བསེའ་བརྩིག”ཅེས་གསལ། འོན་ཀྱང་མཁས་པ་ལྡེའུས་གྲི་གུམ་བཙན་པོའི་སྤུར་ཀོང་ཡུལ་ནས་ངར་མ་ཐང་དུ་སྤྱན་དྲངས་རྗེས་གྲང་མོ་གྲང་ཆུང་གི་རྫ་ལ་བང་སོ་བཏབ་པ་དང་། “ད་ལྟ་གྲང་མོའི་གནམ་གསེར་ཏིག་བྱ་བ་དེ་ལགས་སོ”ཞེས་དང་། དཔའ་བོ་གཙུག་ལག་ཕྲེང་བས་གྲི་གུམ་བཙན་པོའི་སྤུར་ཡར་ལུང་དུ་སྤྱན་དྲངས་རྗེས“སྤུར་ཟངས་ཕྱེ་བའི་ཚེ། ། སྤུར་དེས་ང་ར་ར་ཞེས་སྒྲ་བསྒྲགས་པ། ། ཡུལ་དེའི་མིང་ཡང་ངར་པ་ཐང་དུ་ཐོགས། ། ......དྲང་མོ་དྲང་ཆུང་རི་ཡི་ཟོམ་དུ་བཞུགས། ། དེའི་ཚེ་གནམ་ནས་གསེར་གྱི་ཐིག་གུ་བྱུང་། ། སྤུར་ལ་ཐིམ་པས་གནམ་ལྷ་གསེར་ཐིག་གྲག”ཅེས་པ་སོགས་གསུངས་པ་ལས་སྤུ་དེ་གུང་རྒྱལ་གྱི་བང་སོ་བཏབ་ཡུལ་གང་དུ་ངེས་པ་བསྟན་མི་འདུག དེས་ན་ཏུན་ཧོང་བོད་ཀྱི་ཡིག་རྙིང་ནང་གྲི་གུམ་བཙན་པོའི་བང་སོ་ཀོང་ཡུལ་དུ་ཡོད་ཚུལ་གསལ་བ་དེའི་ཐོག་ནས་ཡར་ལུང་དུ་གདན་འདྲེན་ཞུས་ཞེས་པ་དེ་ལོ་རྒྱུས་རྣལ་མ་ཞིག་མིན་པ་གཏན་འཁེལ་སྟབས། ཡོངས་གྲགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་པའི་གྲི་གུམ་བཙན་པོའི་སྤུར་ཡར་ལུང་གྲང་མོའི་གནམ་གསེར་ཏིག་ཏུ་བཏབ་ཅེས་པ་དེ་དང་ཏུན་ཧོང་ཡིག་རྙིང་ནང་འཁོད་པའི་སྤུ་དེ་གུང་རྒྱལ་གྱི་སྤུར་གྲང་མོ་གནམ་བསེའ་བྱ་བ་རུ་བརྩིག་ཅེས་པའི་གྲང་མོའི་གནམ་གསེར་ཏིག་དང་གྲང་མོ་གནམ་བསེའ་གཉིས་ཤིན་ཏུ་ཆ་མཐུན་པ་ཞིག་འདུག་པ་ལ་བལྟས་ན། ཕལ་ཆེར་ཡོངས་གྲགས་ཀྱི་ལོ་རྒྱུས་དེབ་ཐེར་ནང་སྲས་ཀྱི་བང་སོ་དེ་ཡབ་ཀྱི་བང་སོར་འཁྲུལ་འཛོལ་བྱུང་བ་ཡིན་ཤས་ཆེ་ལ། གྲང་མོའི་གནམ་གསེར་ཏིག་དང་གྲང་མོ་གནམ་བསེའ་གཉིས་དོན་དུ་ས་ཆའམ་བང་སོ་གཅིག་རང་གི་མིང་སྟེ། སྤུ་དེ་གུང་རྒྱལ་གྱི་བང་སོ་བཏབ་ས་དེ་ཡིན་པར་སེམས། དེང་སང་ས་ཆ་དེ་ཞིབ་ཕྲའི་གནས་གང་དུ་ངེས་པ་མ་ཤེས་ནའང་། སྤྱིར་བཏང་ལྷོ་ཁ་ཡར་ལུང་ཁུལ་དུ་ཡིན་པ་བོད་ཀྱི་ཡོངས་གྲགས་ཆོས་འབྱུང་དེབ་ཐེར་ཁག་རྣམས་བཞེད་པ་གཅིག་མཐུན་ཡིན། 

  • 顶 0