བཤོ་མ་ར།

2020-03-02
0

ཏུན་ཧོང་ཡིག་རྙིང་དུ་བྱུང་བའི་ས་མིང་ཞིག་སྟེ། དེང་སང་གི་ལྷ་ས་ལྷུན་གྲུབ་རྫོང་འཕན་པོའི་དབུ་རུ་ལུང་ཡུལ་ཚོའི་ཁོངས་སུ་ཡོད།

བཙན་པོའི་སྐབས་སུ་དམག་སྲིད་སོགས་ཀྱི་དོན་ཆེན་གྲོས་གླེང་ཐག་གཅོད་བྱེད་སའི་ཡུལ་གཙོ་གརས་ཤིག《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས་བྱུང་བའི་དོན་ཆེན་གནས་བསྡུས་ཀྱི་ལོ་ཚིགས་ནང་། “སྦྲུལ་གྱི་ལོ(སྤྱི་ལོ729)ལ། ......བློན་ཆེན་པོ་ཅུང་བཟང་གྱིས། དགུན་འདུན་སྐྱི་ཤོ་མ་རར་བསྡུསྟེ། མུན་མགི་སྣོན་གོང་བརྩིས”ཞེས་དང་། “ལུག་གི་ལོ(སྤྱི་ལོ732)ལ། ......དགུན་འདུན་སྐྱི་ཤོ་མ་རར་བློན་ཆུང་བཟང་གྱིས་བསྡུསྟེ། རྩང་ཆེན་གྱི་བྲུང་པ། ཞ་སྔ་ཐང་རྩན་བྱུང་ནས། སེང་གོ་མོན་བུ་བཅུག་པའི་རྩིས་བགྱིས”ཞེས་བྱུང་བས སྐྱི་ནི་གོང་ཞུས་ལྟར་ལྷ་ས་སྐྱིད་ཆུའི་སྟོད་སྨད་ཀྱི་ཡུལ་སྤྱིའི་མིང་ཡིན་པ་དང་། ཤོ་མ་ར་ནི་སྐྱི་བྱ་བའི་ཡུལ་གྱི་མངའ་ཁུལ་དུ་ཡོད་པའི་ས་ཆ་བྱེ་བྲག་པའི་མིང་ཞིག་ཡིན་པ་མཐོང་ཐུབ། ཕྱིས་བྱུང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ནང་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་མགར་སྟོང་བཙན་ཡུལ་བཟུང་གིས་བོད་ཀྱི་ཁོད་བཅའ་ཡུལ་སྐྱིད་ཤོད་ཤོ་མ་རར་བྱས་ཚུལ་གསལ་ནའང་། ཞིབ་ཕྲའི་ས་གནས་གང་དུ་ཡིན་པ་བསྟན། འོན་ཀྱང་། 《དེབ་ཐེར་སྔོན་པོ》ཡི་ནང་། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་གྱི་རྣམ་ཐར་གསུངས་སྐབས“སྟོད་ལུངས་ཤོ་མ་རར་སྐོར་ནི་རུ་པའི་ཆོས་མ་ལུས་པ་གསན”ཞེས་བྱུང་བར་གཞིགས་ན། བཙན་པོའི་སྐབས་ཀྱི་སྐྱི་ཤོ་མ་ར་བྱ་བ་དེ་དེང་སང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གི་མངའ་ཁོངས་སུ་ཡོད་འདྲ་བ་དང་། ཡང་གཞན་ཞིག་ནི་དེང་སང་ལྷ་ས་ལྷུན་གྲུབ་རྫོང་འཕན་པོའི་དབུ་རུ་ལུང་ཡུལ་ཚོའི་ཁོངས་སུ་ཡོད་པའི་ཤོ་མ་ར(《བོད་རང་སྐྱོང་ལྗོངས་ས་མིང་ཐོ་དེབ》ནང་བཤོ་མ་ར་ཞེས་འཁོད་ཡོད)ཟེར་བའི་ལུང་པ་དེ“བཙན་པོ་སྲོང་བཙན་གྱི་སྐུ་དུས་སུ་བློན་པོ་མགར་སྟོང་བཙན་དང་། དར་རྒྱལ་མང་པོ་རྗེ་སོགས་ཀྱིས་ཁྲིམས་ལུགས་ཀྱི་ཁོད་གཏན་འབེབས་བྱ་ཡུལ་དེ་ཡིན་པ་དང་། དེ་གར་དགོན་ཤུལ་ཞིག་ཡོད་པ་བསྟན་པ་ཕྱི་དར་ལ་གྲྭ་གྲངས་བདུན་སྟོང་ཙམ་ཡོད་པའི་ཤོ་མ་ར་དགོན་པ་ཞེས་པ་ཞིག་བྱུང”ཞེས《གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས། དེབ་བཞི་བ། ལྷུན་གྲུབ་རྫོང》ནང་གསལ་བ་མ་ཟད། 《དུང་དཀར་ཚིག་མཛོད་ཆེན་མོ》ཡིས་ཀྱང་དེ་ལྟར་གསུངས་པས། འདིར་དཔྱད་གཞིར་ཕུལ་བ་ཡིན། 

  • 顶 0