ན་མར།

2020-03-02
0

ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་ས་མིང་ཞིག་སྟེ། དེ་ནི་ས་ཆའམ་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་།

ས་ཆའམ་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་། 《ཏུན་ཧོང་བོད་ཀྱི་ཡིག་ཆ》ལས། “རྟའི་ལོ(མེ་རྟ་སྤྱི་ལོ706)ལ་བབ་སྟེ། ......འདུན་མ། ན་མར་དུ་འབོན་ད་རྒྱལ་བཙན་ཟུང་དང་། བློན་ཆེན་ཕོ་ཁྲི་གཟིགས་གྱིས་བསྡུས”ཞེས་བྱུང་ནའང་ཞིབ་ཕྲའི་གནས་གང་དུ་ངེས་པ་མ་ཤེས། 《ལྡེའུ་ཆོས་འབྱུང》ནང་དུ་སློབ་དཔོན་པད་མ་འབྱུང་གནས་བོད་ཀྱི་ས་ཆ་རྣམས་སུ་ཕེབས་པའི་སྐོར་གླེང་སྐབས“......དེ་ནས་ལྷ་སར་ཇོ་བོ་ཤཱཀྱ་ལ་མཆོད་པ་འབུལ་གྱིན་ཞག་གསུམ་བཞུགས......དེ་ནས་བ་ལམ་གྱི་ལ་ལ་བྱོན་ནས། བསམ་ཡས་ཁུ་ན་མར་བྱོན”ཞེས་དེང་སང་གི་བསམ་ཡས་བརྒྱུད་དུ་ན་མར་བྱ་བའི་ས་ཆ་ཞིག་ཡོད་ཚུལ་གསུངས་པ་དང་། ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ཅིག་ནང་རྒྱལ་པོ་སྲོང་བཙན་སྒམ་པོ་སྐུ་གཤེགས་རྗེས་ཐང་གོང་མའི་དམག་བོད་དུ་འོང་བའི་སྦིར་གྲགས་ཆེན་པོ་བྱུང་བར་བརྟེན། རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་དེ་སླར་རྒྱ་ནག་ལ་འཁྱེར་དོགས་ནས་ར་མོ་ཆེ་ནས་ར་ས་གཙུག་ལག་ཁང་དུ་གདན་འདྲེན་ཞུ་སྐབས་ར་མོ་ཆེ་དང་ར་ས་གཙུག་ལག་ཁང་བར་དུ་ཡོད་པའི“ཕག་གདོང་ན་མར་ཆུ་ལ་སྤྱན་དྲངས”ཞེས་དེང་སང་གི་ར་མོ་ཆེ་དང་གཙུག་ལག་ཁང་གི་བར་འདིར་ན་མར་བྱ་བའི་ས་ཆ་ཞིག་ཀྱང་ཡོད་ཚུལ་འདུག 

  • 顶 0