ཐེ་ཆུ་གཙང་བོའི་འགྲམ་ངོགས་སུ་ཆགས་པའི་མཛོད་དགེའི་རེ་མདོ་སྡེ་བ།

2019-10-24
0

ཐེ་ཆུ་གཙང་བོའི་འགྲམ་ངོགས་སུ་ཆགས་པའི་མཛོད་དགེའི་རེ་མདོ་སྡེ་བ།

རེ་མདོ་སྡེ་བའི་ཚང་ཚིང་གཡུ་ལོ་བཀྲ་བའི་མ་གལ་ཚལ་དུ་བསྐྱོད་པའི་རེག་ཟིན།

        རང་སྡེའི་རྒན་རྒོན་ཚོའི་མིག་ལམ་དུ། རེ་མདོ་སྡེ་བ་ནི་མཛོད་དགེའི་ལྗོངས་ཁུལ་ཆེན་པོ་གསུམ་གྱི་ལེ་ལག་ཏུ་འདོད། ལྗོངས་རྒྱུ་པའི་མིག་ལམ་དུ། རེ་མདོ་སྡེ་བ་ནི་དགོན་པ་ཆུང་ཆུང་ཞིག་ཏུ་སྣང་། བདག་གི་མིག་ལམ་དུ། རེ་མདོ་སྡེ་བ་ནི་རི་ཆུ་ནགས་གསུམ་འཛོམས་པའི་གནས་མཆོག་ཅིག་ཏུ་སེམས། ཐེ་ཆུ་གཙང་བོའི་འགྲམ་ངོགས་སུ། ཁུ་སིམ་མེར་ལོ་རྒྱུས་ཀྱི་གླེགས་བམ་ཆུ་རིས་སུ་བྲིས་ནས་རྒྱང་ནས་རྒྱང་དུ་བཞུར།   

        བྲག་སྒམ་ནང་བ་ནས་ལམ་ལ་ཆས་ཏེ་སྟག་ཚང་ལྷ་མོའི་ཕྱོགས་སུ་འགྲོ་བའི་ཐེ་ཆུ་གཙང་བོའི་འགྲམ་ངོགས་སུ། གསེར་མདོག་གི་ལོ་འདབ་བཀླུབས་པའི་མ་གལ་ཚལ་གྱིས་བདག་ཡིད་དྲན་འཛིན་བུ་མོ་དབང་མེད་དུ་ཕྲོགས་ཤིང་། མཆོད་རྟེན་གྱི་རང་གཟུགས་འཆར་བའི་མ་གལ་ཚལ།  

       ཐེ་ཆུ་གཙང་བོའི་ཉེ་འགྲམ་གྱི་ཚར་དུ་དངར་བའི་བུད་ཤིང་གི་ཕུང་བོ་རི་ལྟར་སྤུངས་པར་བལྟས་ན། ཡུལ་འདིའི་མི་རྣམས་གང་བརྩམས་ལས་ལ་བརྩོན་པ་ཆེ་ཞིང་། ཁོར་ཡུག་གཙང་སྦྲ་རང་གི་མིག་འབྲས་ལྟར་སྲུང་པ་ངང་གིས་ཚོར་བྱུང་།  

       ཐེ་ཆུའི་ཚུར་རོལ་ནས་ཕ་རོལ་ཏུ་སོང་བ་ན་སྒོ་ཆེན་ཞིག་ཡོད་ཅིང་། དེའི་ཀླད་དུ་རེ་མདོ་སྡེ་བ་ཞེས་ཡིག་འབྲུ་ཆེན་པོར་བྲིས་ཡོད་ལ། འདི་ནི་མཛོད་དགེ་རྫོང་གི་ལྗོངས་ཁུལ་གསུམ་གྱི་ལེ་ལག་སྟེ་རེ་མདོ་སྡེ་བ་ཡིན་པ་དང་། རེ་མདོའི་ཨོ་རྒྱན་ལྷ་ཁང་ཡང་སྡེ་བའི་ནང་དུ་ཡོད།   

             ཐེ་ཆུ་གཙང་བོ་རེ་མདོའི་ཨོ་རྒྱན་ལྷ་ཁང་གི་ལྟག་རྒྱབ་བརྒྱུད་ནས་ལྷོ་ཕྱོགས་སུ་བཞུར་བཞིན་ཡོད། 

             སྡེ་བའི་གཞུང་ལམ་གྱི་གཡས་ཕྱོགས་སུ་ཞིང་ཁ་དང་ཁྱིམ་ཚང་ཡོད་ལ་གཡོན་ཕྱོགས་སུ་རེ་མདོ་སྡེ་བའི་གླིང་ཀ་ཡོད།   

           གླིང་ཀར་མ་ཎི་ཆུ་འཁོར་གསུམ་དང་ཆུ་འཐག་གཅིག་བཅས་ཡོད། 

        ཆུ་འཐག་ནང་དུ་སྦྲང་དཀར་རྩམ་པ་འཐག་བཞིན་ཡོད་པ་དང་། རྩམ་དྲི་ཞིམ་པོ་རྒྱང་རིང་ནས་སྣ་དབང་གི་གསོས་སུ་གྱུར། 

  འབྱོར་བ་ཕུན་སུམ་ཚོགས་པའི་གྲོང་ཁྱེར་གྱི་མི་རྣམས་ཀྱིས་རྩམ་དྲི་མྱོང་བ་རྒྱས་སྤྲོས་ཤིག་ཏུ་འདོད་ཀྱང་། ངོ་བོ་མ་ཡལ་བའི་རྩམ་དྲི་སྣུམ་པོ་མྱོང་ཐུབ་མཁན་ག་ཙམ་གདའ།      

              ས་ཆ་གཞན་དུ་རང་འཐག་གམ་ཆུ་འཐག་ནི་རླུང་ཁའི་མར་མེ་ལྟར་ཟིམ་ཚར་ན་ཡང་། མདོ་སྨད་ཐེ་རོང་ཕྱོགས་ཀྱི་ཡུལ་མི་རྣམས་ཀྱིས་ད་དུང་ཆུ་འཐག་བཀོལ་བཞིན་ཡོད། 

              བྱིས་པ་ཁ་ཤས་མ་གལ་ཚལ་དུ་འོངས་ནས་རྩེད་མོ་རྩེ་བཞིན་གསེར་མདོག་གི་ལོ་འདབ་དགུང་དུ་སྤུར་ཞིང་། ཡལ་འདབ་གསེབ་ནས་བྱ་བྱེའུ་སྐད་སྙན་ཀྱུ་རུ་རུ་སྒྲོག 

               མཛོད་དགེ་ནི་སི་ཁྲོན་རྔ་བ་ཁུལ་དུ་གཏོགས་ཀྱང་། ཀན་ལྷོར་ལྗོངས་རྒྱུ་ལ་འགྲོ་ཚེ་བྲག་སྒམ་ནང་བར་འགྲོ་དགོས་ཤིང་བྲག་སྒམ་ནང་བར་འགྲོ་དུས་རེ་མདོ་བརྒྱུད་དགོས། མི་ཕལ་མོ་ཆེས་ཐེ་ཆུ་གཙང་བོའི་འགྲམ་ངོགས་སུ་ཆགས་པའི་རེ་མདོ་སྡེ་བའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་བཀོད་པར་སྣང་མེད་བཏང་མོད། ཡིན་ནའང་། བྲག་སྒམ་ནང་བ་ལྗོངས་སྐོར་དུ་འགྲོ་དུས་རེ་མདོ་སྡེ་བའི་མཛེས་ལྗོངས་ལ་བལྟ་རྒྱུ་མ་བརྗེད་པར་གྱིས།  


  • 顶 0