མ་འོངས་པའི་ལྗོངས་སྐོར་ལྟེ་གནས་ཏེ་མཛོད་དགེའི་བྲག་དཀར།

2019-10-24
0

        མདའ་ལྟར་དྲང་ཞིང་རྒྱ་ཆེ་བའི་གཞུང་ལམ་གྱི་ངོགས་གཉིས་སུ་མུ་མཐའ་མེད་པའི་སྤང་ཐང་གིས་ཁྱབ་ཅིང་། གསེར་ཞུན་ཁུ་བ་བྱུག་འདྲའི་སྤང་ཐང་གི་ངོས་སུ་རྟ་ནོར་ལུག་གསུམ་གྱིས་གང་ཞིང་ལྟ་བས་ཆོག་མི་ཤེས་ལ། ལྗོངས་སྐོར་ཞབས་ཞུ་ལྟེ་གནས་སོགས་སུ་འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་བཙོང་རྒྱུ་ཡོད་པ་དང་། ད་དུང་རྟ་ཞོན་ནས་སྤང་ཐང་དུ་རྟ་རྒྱུག་བྱེད་ཆོག ཟླ་8པའི་ཚེས་19ཉིན། ངེད་གསར་འགོད་པ་ཚོ་ཆུང་མཛོད་དགེ་རྫོང་བྲག་དཀར་དུ་བཅར་འདྲིར་ཕྱིན།

        གནས་འདི་རུ་ངོ་བོ་འགྱུར་བའི་མེ་རིའི་བྲག་རྡོ་ལྟེ་བར་བྱས་པའི་རི་མཐོའི་གྲོག་རོང་གི་མཛེས་ལྗོངས་ཡོད་ལ། 2007ལོར།ཀྲུང་གོས་གསར་དུ་ཤེས་རྟོགས་བྱུང་བའི་མཛེས་ལྗོངས་བཅུའི་ནང་ཚུད་པར་མ་ཟད། མངོན་མེད་སྟོབས་ཤུགས་ཆེ་ཤོས་ལྡན་པའི་མཛེས་ལྗོངས་གསར་པའི་བྱ་དགའ་ཐོབ། གནས་དེར་ཐེ་ཧྲན་རི་བོ་ལྟ་བུའི་རྔམ་བརྗིད་ལྡན་ལ། ཧྥ་ཧྲན་རི་བོ་ལྟ་བུའི་གཡང་གཟར་ཆེ། ཧིན་ཧྲན་རི་བོ་ལྟ་བུའི་སྨུག་སྤྲིན་གྱིས་རྒྱུ་ལ། ཡན་ཏང་རི་བོ་ལྟ་བུའི་ཁྱད་མཚར་གྱི་བྲག་རྡོ་མང་བ། གླང་ཆེན་འགྱིང་རི་ལྟ་བུའི་མཛེས་སྡུག་བཅས་གཞི་གཅིག་ཏུ་འདུས་ཡོད། དེའི་ཁྲོད་དུ་ཁྱད་མཚར་རྡོའི་ངོ་མཚར་རང་བྱུང་དུ་གྲུབ་ཡོད་དེ། ཕག་མགོ་ཅན་གྱིས་ལྷ་གདན་འདྲེན་ཞུས་པ་ལྟ་བུའི་རྡོ་དང་རྡོ་ཡིས་གྲུབ་པའི་གྲུ་གཟིངས། སྒོ་ལྕགས་མར་ཕྱེས་པ་ལྟ་བུའི་བྲག་རི། བཀྲ་ཤིས་བདེ་ལེགས་ཀྱི་རྡོ། རྡོ་ཡི་ཁྱུང་ཆེན། རྡོ་ཡི་རུས་སྦལ། འཕུར་རྩལ་ངོམ་པའི་རྡོ་སོགས་རྣམ་པ་མི་འདྲ་བརྒྱ་རྩ་བརྒྱད་ཡོད་པས། ལྟད་མོ་བའི་མིག་གི་དབང་བོ་ཅིག་ཅར་དུ་འཕྲོག

         མཛེས་ལྗོངས་ཁུལ་དེ་མཛོད་དགེ་རྫོང་གི་ཁོངས་སུ་ཡོད་པ་དང་ཉེ་འཁོར་དུ་གཞུང་ལམ་གཙོ་བོ་རྒྱལ་ལམ་213དང་ཞིང་ལམ་313འཕྲེད་དུ་འཐེན་འདུག་པས་ཕྱོགས་བཞིའི་མགྲོན་པོ་གནས་དེར་ཡོང་བར་སྟབས་ཧ་ཅང་བདེ། མཛེས་ལྗོངས་ཁུལ་གྱི་གནས་སྒོ་དེ་AAAAརིམ་པའི་མཛེས་ལྗོངས་ཁུལ་མཚོ་ཁྱ་ཁྲེབ་ཁ་གཏད་དུ་གནས་ཡོད་ལ། ངོ་བོ་འགྱུར་ཟིན་པའི་མེ་རིའི་བྲག་རྡོ་གཙོ་བོར་བྱས་ཏེ་རི་མཐོ་གྲོག་རོང་གིས་མཛེས་ལྗོངས་ཆགས་པ་དང་། གཡང་གཟར་གྱི་རི་བོ་འགྱིང་ངེར་གནས་པ། ཡ་མཚན་གྱི་རྡོ་རིགས་ཁྱད་དུ་མཚར། ཕལ་ཆེར་སྤྱི་ལེ་20ཡི་བར་ཐག་གི་ས་བབ་ཀྱི་མཐོ་ཚད་སྨི་3800ནས་སྨི་2400བབས་ན། ས་བབ་དང་བསྟུན་ནས་མཛེས་ལྗོངས་ཀྱང་དེ་དང་ཆབས་ཅིག་འདྲ་མིན་སྣ་ཚོགས་སུ་ཆགས་ཡོད།

         2017ལོའི་ཟླ་4པར་མཛོད་དགེ་རྫོང་གིས་སི་ཁྲོན་དཔེ་སྐྲུན་ཚོགས་པ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་མཉམ་ལས་བྱས་ནས་མཛེས་ལྗོངས་ཁུལ་གསར་སྤེལ་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད། མིང་རྟགས་བཀོད་པ་དེས་མཛེས་ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་དངོས་སུ་བྱེད་མགོ་ཚུགས་པ་མཚོན་ལ། དེ་དང་ཆབས་ཅིག་འཆར་འགོད་བཟོ་བ་དང་སྲིད་འཛིན་ཞིབ་མཆན་འགོད་པའི་འགྲོ་ལུགས་གཉེར་མགོ་ཚུགས་པ་མཚོན་ཡོད། འཆར་གཞི་ལྟར་ན་མཛེས་ལྗོངས་ཁུལ་གྱི་ཐེངས་དང་པོའི་འཛུགས་སྐྲུན་དེ་2020ལོར་ལེགས་འགྲུབ་བྱ་རྒྱུ་དང་མ་དངུལ་སྒོར་ཁྲི་6000གཏང་རྒྱུ་རེད། མཛེས་ལྗོངས་ཁུལ་སྒོ་དངོས་སུ་ཕྱེས་རྗེས། ཐེངས་གཉིས་པའི་འཛུགས་སྐྲུན་ལས་མགོ་འཛུགས་ཆོག་པ་དང་། 2027ལོར་སླེབས་དུས་མཛེས་ལྗོངས་ཁུལ་ཡོངས་རྫོགས་འཛུགས་སྐྲུན་བྱེད་ཚར་དགོས་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་2གཏང་རྒྱུ་རེད། མཛེས་ལྗོངས་ཁུལ་གྱི་མཐར་ཐུག་གི་དམིགས་ཡུལ་ནི་མཚོ་ཁྱ་ཁྲེབ་དང་མཉམ་དུ་AAAAAཅན་གྱི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་དེ་ཡིན་ནོ།།


  • 顶 0