དམའ་འབྲིང་ས་ཁམས་རིག་ཚན་སློབ་ཁྲིད་སྐོར་ལ་རང་ཉིད་ཀྱི་མྱོང་བ་ཕྲན་ཙམ་གླེང་བ།

2016-09-28

  ས་ཁམས་རིག་ཚན་འདི་ཕྱོགས་བསྡུས་རང་བཞིན་དང་སྣེ་མང་རང་བཞིན་སྤྱོད་སྒོའི་རང་བཞིན་ཆེས་ཆེར་ལྡན་པའི་རང་བྱུང་ཚན་རིག་ཞིག་ཡིན།རྒྱལ་ཁབ་སློབ་གསོ་པུའུ་ནས་ཀྱང་རྨང་གཞིའི་སློབ་གསོའི་མཁོ་ལ་བརྟེན་ནས་དམའ་རིམ་སློབ་འབྲིང་ལོ་རིམ་བདུན་པ་དང་བརྒྱད་པའི་རིང་ཁྱོན་སློབ་དེབ་བཞི་སྦྱོང་བའི་དམིགས་ཚད་དང་ལས་འགན་ཁ་གསལ་དུ་བཏོན་ཡོད།ཡིན་ནའང་ས་ཁམས་རིག་ཚན་འདི་མིག་སྔར་དམའ་འབྲིང་སློབ་ཐོན་ཡིག་རྒྱུགས་དང་འབྲེལ་བ་མེད་པ།དགེ་རྒན་ཚོས་ཀྱང་རིག་ཚན་གཙོ་ཕལ་དབྱེ་བ་ཕྱེ་ནས་དེ་ཙམ་དོ་སྣང་མེད་པ།སློབ་གྲྭས་ཀྱང་བསླབ་ཚན་བཀོད་སྒྲིག་བྱེད་ཚད་ཉུང་བ།སློབ་མ་ཚོས་ཀྱང་སློབ་ཐོན་རྒྱུགས་ཚད་དང་འབྲེལ་བ་མེད་བསམས་ནས་དེ་ཙམ་གྱི་སྦྱོང་འདོད་བློ་མི་སྐྱེ་བ་སོགས་ཀྱི་རྐྱེན་མང་པོས་ས་ཁམས་རིག་ཚན་འདི་སྦྱོང་སྤྱོད་སྤེལ་གསུམ་ཚང་མར་གནས་བབ་ཧ་ཅང་སྐྱོ་པོ་ཞིག་ཆགས་ཡོང་གི་འདུག་ལ་མུ་མཐུད་མཐོ་འབྲིང་རུ་སློབ་བཞུགས་བྱེད་མཁན་གྱི་སློབ་མ་ཚོར་ས་ཁམས་རྨང་གཞི་སྐྱོ་བའི་གྱོང་གུན་ཆེན་པོ་ཞིག་དང་སྤྱི་ཚོགས་ཐོག་སྡོད་མཁན་གྱི་སློབ་ཐོན་སློབ་མར་ཡང་རང་གི་འཚོ་བ་དང་འབྲེལ་བ་ཆེ་བའི་རྒྱུན་ཤེས་བྱ་ཏིལ་ཙམ་མེད་པ་ཐ་ན་སྟབས་བདེའི་ས་བཀྲ་ཙམ་ཡང་བལྟ་མི་ཤེས་པ།ཤར་ལྷོ་ནུབ་བྱང་ཁ་ཕྱོགས་དབྱེ་མི་ཤེས་པ།འབྲོག་པའི་ཁུལ་དུ་རྩྭ་ཆུ་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་དང་ཐོན་མུས་ཡིན།གནས་བབ་དེ་འདྲའི་འོག་ལ་དགེ་རྒན་ནས་ཕན་ནུས་ཆེ་བའི་ཐབས་ཤེས་ཐབས་ལམ་འབའ་ཞིག་བཙལ་འཚོལ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བའི་དོན་དུ་སེམས།

  གཅིག ས་ཁམས་དགེ་རྒན་ནས་ས་ཁམས་སློབ་གཞིའི་ནང་དོན་བཀོད་སྒྲིག་ཐད་ལ་རྒྱུས་ལོན་ཚགས་ཚུད་པ་བྱེད་དགོས།

  སྤྱིར་ན་ལོ་རིམ་བདུན་པའི་སྟོད་ཆའི་བསླབ་གཞིའི་ནང་དོན་གྱི་སྤྱི་ཁོག་ནི།སའི་གོ་ལ་དང་ས་བཀྲ། སྐམ་ས་དང་རྒྱ་མཚོ། གནམ་གཤིས་གཉིས་ཀྱི་བསྡུར་བ།གཞིས་ཆགས་གྲོང་མི་དང་འདུས་སྡོད་ས་ཁུལ།འཕེལ་རྒྱས་དང་མཉམ་ལས་བཅས་ཁག་ཆེ་བ་ལྔའི་ནང་དོན་ལ་གཞིགས་ནས་ལོ་རིམ་བདུན་པའི་སྨད་ཆའི་ནང་དོན་བཀོད་སྒྲིག་བྱས་ཡོད་དེ།ང་ཚོ་འཚོ་གནས་བྱེད་སའི་གླིང་ཆེན་(Asia)ཨེ་ཤ་ཡ་གླིང་།ང་ཚོའི་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་ས་ཁུལ་འགའ། གོ་ལ་ཕྱེད་ནུབ་མའི་རྒྱལ་ཁབ་ཨ་མི་རི་ཁ་དང་བྷ་རེ་ཟེ། ས་གོ་ལའི་སྣེ་གཉིས་ཀྱི་ཁུལ་བཅས་ཡིན།སྤྱིར་ན་ལོ་རིམ་བརྒྱད་པའི་སྟོད་ཆའི་བསླབ་གཞིའི་ནང་དོན་གྱི་སྤྱི་ཁོག་ནི་འཛམ་གླིང་གཞིར་བཞག་ནས་རང་རེའི་རང་རྒྱལ་ལ་མིག་ལྟོས་པ། རང་རྒྱལ་གྱི་རང་བྱུང་ཁོར་ཡུག་དང་རང་བྱུང་ནུས་ཁུངས།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ནང་དོན་ཁག་ཆེ་བ་བཞི་ལ་གཞིགས་ནས་སྨད་ཆའི་ནང་དོན་བཀོད་སྒྲིག་བྱས་ཡོད་དེ།རང་རྒྱལ་གྱི་ཁུལ་ཆེ་བ་བཞིའི་ས་ཁམས་ཁྱད་པར།ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ངོས་འཛིན།ཞིང་ཆེན་ནང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཁུལ་ངོས་འཛིན(ཀྲུའུ་ཅང་ཟུར་གསུམ་གླིང་ཕྲན་དང་ཤིའི་ཧྲོང་བན་སྣ)ཞིང་ཆེན་རིམ་པའི་ས་ཁོངས་བརྒལ་བའི་ཁུལ་ཤེས་རྟོགས།(ས་སེར་མཐོ་སྒང་དང་འབྲི་ཆུ་རྒྱུགས་ཁུལ།)འཛམ་གླིང་ལ་ཁ་ཕྱོགས་པའི་ཀྲུང་གོ་བཅས་ཡིན།བསླབ་གཞིའི་ནང་དོན་ཁོང་དུ་ཆུད་ན་བསླབ་ཚན་ལས་འགན་སྒྲུབ་ཐུབ་པའི་རྨང་གཞི་ཡིན།

  གཉིས། ས་ཁམས་བསླབ་ཚན་ནང་གི་ཐ་སྙད་ཁག་གཙོ་བོར་བཟུང་ནས་དེ་ཚོ་བློ་ལ་ངེས་པ་བྱེད་དགོས།

  སློབ་ཁྲིད་བྱེད་པའི་རྒྱུད་རིམ་ནང་དགེ་རྒན་ནས་འདྲ་འདྲ་བའི་ཐ་སྙད་དང་ནོར་འཛོལ་ཆེ་བའི་ཐ་སྙད་དག་གཅིག་བསྡུས་བྱས་ནས་བསྡུར་བ་དང་ཁྱད་པར་ཁྲོད་ནས་སློབ་མ་ཚོར་གོ་བ་ལེན་པ་བློ་ལ་འཇགས་པའི་ཐབས་ཤེས་འདོན་དགོས།དཔེར་ན་ལོ་རིམ་བདུན་པའི་སྟོད་ཆའི་ནང་(天气与气候)གནམ་གཤིས་སྐོར་སློབ་ཁྲིད་བྱེད་སྐབས་དེ་གཉིས་ཀ་མ་གཞི་རང་བྱུང་རླུང་ཁམས་ཆེན་པོའི་ཚ་གྲང་གི་འགྱུར་བ་བརྗོད་པ་འདྲ་རུང་།མི་འདྲ་ས་ནི་(天气)ནི་དུས་ཐུང་ནང་ས་ཆ་ག་གེ་མོའི་ཚ་གྲང་འགྱུར་བ་ཡིན། དེ་ལ་འགྱུར་ལྡོག་རང་བཞིན་ཆེ་ལ་ས་ཆ་མི་གཅིག་པར་གནམ་གཤིས་གནས་ཚུལ་ནི་ཅི་ནས་མི་འདྲ།(气候)ནི་དུས་ཡུན་རིང་མོའི་ནང་ས་ཆ་ག་གེ་མོར་བསྟན་པའི་ཚ་གྲང་ཆ་སྙོམས་སྣང་ཚུལ་མངོན་པ་ཞིག་ཡིན།དེ་ལ་གཏན་འཇགས་རང་བཞིན་ཆེ་བའི་ཁྱད་ཆོས་ཡོད། དེ་ལྟར་བསྡུར་བའི་ཁྲོད་དོན་དངོས་འཚོ་བ་དང་ཟུང་དུ་སྦྲེལ་ནས་དཔེར་བརྗོད་མང་ཙམ་བཞག་ན་སློབ་མ་ཚོས་རྐང་བཙུགས་ནས་ངག་སྐྱོར་གཏོང་མི་དགོས་པར་བློ་ལ་འཇགས་པའི་ཁྱད་ཆོས་འདུག་བསམ།ད་དུང་བསླབ་གཞིའི་ནང་ཡོད་པའི་(时区དུས་ཁུལ་དང་ 区时ཁུལ་དུས)དེ་བཞིན་མངའ་ཁོངས་ཀྱི་ས་ཆ领土)དང་རྒྱལ་ཁབ་ཀྱི་མངའ་ཁོངས་国土)ལ་སོགས་པ་རྣམས་གོང་གི་ཐབས་ལམ་མཐུན་པར་སློབ་ན་ངལ་བ་ཆུང་ལ་འབྲས་བུ་མང་།

  གཉིས། བསླབ་གཞིའི་ནང་གྱི་རྩ་བའི་རིག་པ་དང་ངེས་སྲོལ་དམ་དུ་བཟུང་ནས་གོ་བ་ལོན་པར་སྟབས་བདེ་བསྐྲུན་དགོས།

  རྨང་གཞི་ཅུང་ཙམ་ཡང་མེད་པར་ཡར་རྒྱས་ནི་འགྲན་མི་ཐུབ་པས་ས་ཁམས་དགེ་རྒན་ནས་དང་པོ་ནས་སློབ་མ་ཚོར་རྨང་གཞི་བརྟན་པོ་ཞིག་གཏིང་བའི་ཆ་རྐྱེན་གང་ལེགས་བསྐྲུན་དགོས།དཔེར་ན་རྒྱའི་སྐད་ཡིག་རྨང་གཞི་གཞན་པའི་སློབ་མ་ཚོར་ཟུར་ཁྲིད་གང་མང་མང་བྱས་པའི་རྨང་གཞིའི་ཐོག་དཔེར་ན་ལོ་རིམ་བདུན་པའི་སྟོད་ཆར་ས་གོ་ལའི་ཐོག་གི་དུས་ཚིགས་བཞི་དང་ཁུལ་ལྔ་སློབ་ཁྲིད་བྱེད་སྐབས་དེ་ནི་ཉི་མའི་འོད་ཟེར་དེ་ས་སྒང་ངོས་སུ་འོད་ཀྱི་ཕོག་ཚད་དང་ཕོག་ཡུན་རིང་ཐུང་མི་འདྲ་བའི་རྐྱེན་ལ་གཞིགས་ནས་དུས་བཞི་དང་ཁུལ་ལྔ་བྱུང་བ་ཡིན་དེ་ལྟ་བུ་ལོ་གཅིག་དུས་བཞིར་ཉི་མའི་འཁོར་བསྐྱོད་སྐོར་གྱི་རྩ་བ་འདི་ལ་ཞིབ་པར་བསླབ་ན་དེ་དང་མུ་འབྲེལ་བའི་ཤེས་བྱ་གང་མང་ཞིག་ལ་རིགས་འདེད་ནས་འགྲེལ་པ་གསལ་བར་རྒྱག་ཐུབ།

  གསུམ། ཤེས་བྱ་ཕན་ཚུན་གཅིག་ལ་གཅིག་རྟེན་དང་འགལ་འབྲེལ་གྱི་འབྲེལ་བ་ཡོད་པས་ས་ཁམས་སློབ་ཁྲིད་བྱེད་པར་དུས་རྒྱུན་ནས་དེའི་ཐད་མཐོང་ཆེན་བྱེད་དགོས།

  ས་སྒང་རིལ་མོ་དེ་ཡང་ཕྱི་སྣོད་ཀྱི་རྐྱེན་གང་མང་ཞིག་དང་ནང་ངོས་ཀྱི་རྐྱེན་གང་མང་ཞིག་ལས་གྲུབ་པའི་གོ་ལ་ཞིག་ཡིན་དུས་དེ་ལ་ངོ་སྤྲོད་དང་དཔྱད་པ་བྱེད་པའི་ས་ཁམས་རིག་པ་འདི་ཡང་སྦྱོང་སྤྱོད་སྤེལ་གསུམ་གང་བྱས་ན་རུང་འགལ་འབྲེལ་དང་ཕན་ཚུན་དབར་གྱི་ཤུགས་རྐྱེན་ལ་ངོས་འཛིན་ཁ་གསལ་བྱེད་དགོས། དཔེར་ན་ལོ་རིམ་བདུན་པའི་སྨད་ཆའི་ནང་གི་མེ་གླིང་ལྷོ་མའི་བྷ་ར་ཟེའི་དབུས་རྒྱུད་ཡ་མ་སུན་རྒྱུགས་ཆུའི་ཁུལ་གྱི་བདེ་ཐང་ལ་འཛམ་གླིང་འདིར་ཆེས་གཞི་རྒྱ་ཆེ་ཤོས་ཀྱི་ཆར་ཆུ་མང་བའི་ནགས་གླིང་ཁུལ་ཞིག་ཆགས་ཡོད།དེ་ནི་འཕྲེད་བཅད་ཀྱི་གནས་ས་དམའ་བའི་རྐྱེན་གཅིག་པུ་མིན་པར་རླུང་ཁམས་ཀྱི་རྒྱུན་འཁོར་ཚད་གཞི་དང་ས་དབྱིབས་རྣམ་པ།ས་གཤིས་ཁོར་ཡུག ~རྒྱ་མཚོའི་ངོས་ལས་མཐོ་ཚད།ལ་སོགས་རྐྱེན་མང་པོར་འབྲེལ་བ་ཡོད།དེར་བརྟེན་ས་ཁམས་སློབ་ཁྲིད་བྱེད་པར་བྲང་

  གྲོད་ས་སྦྱར་མི་བྱེད་པར་འབྲེལ་བ་དང་རྒྱུ་རྐྱེན་ལ་མཐོང་རྒྱ་ཡངས་པོས་བསྡུ་རུབ་དང་དབྱེ་ཞིབ་བྱས་ན་ལན་ཡག་པོ་ཞིག་འདེབས་ཐུབ་ཀྱི་འདུག

  བཞི། དཔར་རིས་དང་ས་བཀྲར་དབྱེ་ཞིབ་བྱེད་པའི་ནུས་པ་དང་རི་མོ་འབྲི་བའི་ནུས་པ་གསོ་སྐྱོང་བྱེད་དགོས།

  ས་བཀྲར་ས་ཁམས་རིག་ཚན་གྱི་སྐད་ཡིག་གཉིས་པ་ཞེས་སུ་འབོད་ཀྱི་ཡོད།དེ་ནི་ས་གོ་ལའི་ཐོག་གི་ས་ཁམས་ཀྱི་བྱ་དངོས་དག་ངེས་གཏན་གྱི་བསྡུར་ཚད་ཇེ་ཆུང་ལ་གཏང་བ་དང་དེའི་སྒང་ལ་བྱ་དངོས་མཚོན་བྱེད་བརྡ་རྟགས་འགའ་བེད་སྤྱད་ནས་ལེབ་ངོས་སུ་ཕབ་པའི་རི་མོ་ལ་ཟེར།དེ་ལེགས་པར་ཤེས་ན་སློབ་མ་ཚོའི་ས་ཁམས་སྦྱངས་འབྲས་གོང་མཐོར་འགྲོ་བ་ཕུད་ད་དུང་ཁོ་ཚོའི་ལྟ་ཞིབ་ཀྱི་ནུས་པ་དང་དབྱེ་ཞིབ་ཀྱི་ནུས་པ་རི་མོའི་འབྲི་རྩལ་དེ་བཞིན་གྱི་ད་བར་ཕ་ཡུལ་ནས་ཁ་བྲལ་མྱོང་མེད་པའི་སློབ་མར་མིག་རྒྱངས་ཡངས་རུ་གཏོང་བར་ཕན་པ་ཆེན་པོ་འདུག  རྒྱུན་གཏན་སློབ་ཁྲིད་ཁྲོད་དུ་ས་བཀྲ་ཀློག་ཤེས་པ་དང་།  ས་བཀྲར་དབྱེ་ཞིབ་བྱེད་ཤེས་པ།ས་བཀྲ་ཁ་སྐོངས་ཐུབ་པ། སྟབས་བདེའི་ས་བཀྲ་འབྲི་ཤེས་ན་བསླབ་ཚན་ནང་དོན་སྐོར་དེ་འགྲེལ་བཤད་ཡིག་འབྲུ་རེ་རེར་བལྟ་ཀློག་བྱེད་མི་དགོས་པར་དགོས་ངེས་ཀྱི་ཆ་འཕྲིན་དག་ཕྲན་ཚེགས་ཆུང་ངུས་ཤེས་ཐུབ་པ་མ་ཟད་ས་ཁམས་བསླབ་ཚན་ནང་ལྐོག་དུ་འགྱུར་བའི་ཤེས་བྱ་མང་པོ་རི་མོ་དང་ས་བཀྲའི་ཐོག་ལ་གཞི་ནས་ངོས་འཛིན་ཐུབ་པའི་ཁྱད་ཆོས་འདུག དཔེར་ན་ལོ་རིམ་བདུན་པའི་སྟོད་ཆའི་ནང་སྐམ་ས་ཆེན་པོ་བཞི་དང་རྒྱ་མཚོ་ཆེན་པོ་བཞིའི་སྐོར་སློབ་ཁྲིད་བྱེད་སྐབས་ངས་དང་ཐོག་སློབ་མ་ཚོར་ཤོག་དཀར་དང་ཞྭ་སྨྱུག་བེད་སྤྱད་ནས་དེབ་ཐོག་ཏུ་ཡོད་པའི་འཛམ་གླིང་གི་རྒྱ་མཚོ་དང་སྐམ་སའི་གནས་སྟངས་སྒྲོམ་གཞི་དེ་ལ་བསྐྱར་སུབ་བྱེད་ཏུ་བཅུག་པ་ཡིན། དེ་ནས་རྒྱ་མཚོ་དང་སྐམ་སར་ཚོས་གཞི་མི་འདྲ་བ་བྱུགས་སུ་བཅུག་རྗེས་ཁྱད་པར་ཁྲོད་ནས་ས་གོ་ལའི་ཐོག་ཆུ་མང་བ་དང་སྐམ་ས་ཉུང་བའི་དོན་དེ་རྟོགས་པ་བྱུང་སོང་།དེ་བས་ཀྱང་ས་ཁམས་སློབ་དེབ་དང་མཉམ་སྒྲིག་བྱས་པའི་ས་བཀྲ་ཁ་སྐོངས་རམ་འདེགས་དེབ་འདི་ལེགས་པར་བེད་སྤྱད་ན་ས་ཁམས་སློབ་ཁྲིད་བྱེད་པར་ཕན་པ་མང་པོ་བསྐྲུན་ཐུབ་ཀྱིན་འདུག

  ལྔ། ས་ཁམས་སློབ་ཁྲིད་ཁྲོད་དུ་སློབ་མར་རྨང་གཞིར་གྱུར་པའི་རྩིས་རྒྱག་ནུས་པ་གསོ་སྐྱོང་བྱེད་དགོས།

  དམའ་རིམ་དུས་སྐབས་ས་ཁམས་སློབ་དེབ་ནང་མང་ཆེ་བ་ཡི་གེ་དང་དཔར་རིས་མཉམ་སྦྱོར་གྱི་སློབ་ཚན་ནང་དོན་བཀོད་སྒྲིག་བྱེད་མང་བ་ཡོད།རྩིས་རྒྱག་སྐོར་ལ་དཔེར་ན་ བསྡུར་ཚད་ཁྲེ་ཙེ་=རི་མོའི་ཐོག་གི་བར་ཐག་÷བར་ཐག་དངོས་ སྤྱི་འགྲོས་དེ་འདྲི་གཞིའི་གནས་ཚུལ་དངོས་དང་བསྟུན་ནས་འགྱུར་མི་ཤེས་པར་མགོ་འཐོམ་པ་ད་དུང་སློབ་མ་མང་པོས་བུ་ཆ་གཅིག་པ་ཡིན་པའི་བགྲང་ཆ་གཉིས་ཆེ་ཆུང་བསྡུར་མི་ཤེས་པར་དེའི་རྐྱེན་པས་ས་ཆ་གཉིས་ཀྱི་བསྡུར་ཚད་ཁྲེ་ཙེའི་ཆེ་ཆུང་མི་ཤེས་པ་སོགས་གནས་ཚུལ་མང་པོ་ཐོན་གྱིན་འདུག དེ་ནི་སློབ་ཆུང་ལོ་རིམ་དྲུག་པའི་རྩིས་རིག་སློབ་དེབ་ནང་བགྲང་ཆའི་སྐོར་དེ་ཁོང་དུ་ཆུད་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་པས་ང་ཚོ་སློབ་འབྲིང་དགེ་རྒན་ནས་གཅིག་ལ་གཅིག་རྒྱུད་ཁ་འདྲི་དང་འགན་འཁྲིར་གཡོལ་བའི་ལས་ཀ་དེ་མཚམས་བཅད་ནས་ངེས་པར་དུ་རྨང་གཞི་དེ་ཚོ་ལེགས་པར་གཏིང་དགོས།དེ་ཙམ་མ་ཟད་དམའ་རིམ་བསླབ་དེབ་ནང་འབྲེལ་ཡོད་རྩིས་རྒྱག་སྐོར་ལ་རྨང་གཞི་ལེགས་པར་མ་གཏིང་ན་མཐོ་རིམ་སློབ་འབྲིང་དང་ཐ་ན་སློབ་ཆེན་དུ་སླེབས་ནའང་ས་ཁམས་དང་འབྲེལ་བའི་ཆེད་ལས་ཡིན་ཚེ་དཔར་ན་ ས་གོ་ལའི་རགས་བཤད ཅེས་པའི་སློབ་དེབ་དེ་སློབ་དུས་ཕལ་ཆེར་གནམ་གྲུ་ཁོ་ན་གཏོང་རྒྱུ་ལས་མ་འདས་སོ།

  དྲུག ས་ཁམས་སློབ་ཁྲིད་བྱེད་སྐབས་དགེ་རྒན་རང་ངོས་ནས་མཐོང་རྒྱ་ཡངས་པོ་དང་སློབ་ཁྲིད་སྐད་ཆར་སྒྱུ་རྩལ་རང་བཞིན་ཆེས་ཆེར་ལྡན་དགོས།

  གཅིག་ནས་རང་གི་ཕ་མ་དང་ཕ་ཡུལ་ཁ་འབྲལ་མྱོང་མེད་པའི་འབྲོག་ཁུལ་སློབ་མ་ལ་དེ་ལྟ་བུའི་ཕྱི་རོལ་ཡུལ་གྱི་བལྟ་རྒྱ་དང་ཐོས་རྒྱ་མཐོང་རྒྱ་གུ་དོག་པ།གཉིས་ནས་དམའ་རིམ་ས་ཁམས་སློབ་དེབ་ནང་ནང་དོན་མང་པོ་གཅིག་སློབ་མ་ཚོའི་འཚོ་བའི་ཁུལ་དང་འབྲེལ་བ་ཙམ་ཡང་མེད་པ་དཔེར་ན་འབྲོག་ཁུལ་དུ་སྦྱར་ལྕང་རྐང་གཅིག་གཉིས་ཙམ་མཐོང་རྒྱུ་མེད་དུས་སློབ་ཚན་ནང་ཚ་ཁུལ་ཆར་ཆུའི་ཁུལ་གྱི་རྩི་ཤིང་ལྟ་བུ་ཐ་སྙད་མཐོང་བ་ཙམ་གྱི་ཉོབ་འགྲོ་ཡས་གནས་ཚུལ་དེ་འདྲ་འཕྲད་དུས་རང་ངོས་ནས་བེད་སྤྱད་པའི་ཐབས་ཤེས་གཅིག་ངོ་སྤྲོད་ཞུ་འདོད།དེང་སྐབས་སློབ་གྲྭ་མང་ཆེ་བར་མཁྲེག་ཆས་སྒྲིག་ཆས་ཆ་ཚང་བས་དེའི་ནུས་པ་གང་ལེགས་བེད་སྤྱད་ནས་སློབ་ཁྲིད་བྱས་ན་དཀའ་བ་དེ་འདྲ་མིན་འདུག་བསམས།དཔེར་ན་ལོ་རིམ་བདུན་པའི་ས་ཧ་ལ་ལྷོ་ངོས་ཀྱི་ཨ་ཧྥི་རི་ཀ་འཁྲིད་དུས་ངའི་སློབ་ཚན་འགོ་འཛུགས་སྐད་ཆ་ནི་ང་ཚོ་མི་རིགས་སེར་པོ་རེད།ནག་པོ་རེད་བརྗོད་དུས་སློབ་མ་ཚང་མས་མི་རིགས་སེར་པོ་རེད་ཅེས་ལན་སློག་བྱུང་། དེ་ནས་ཡང་བསྐྱར་ད་འོ་ན་མི་རིགས་ནག་པོར་སོ་ནག་པོ་སྐྱེས་རེད་དཀར་པོ་སྐྱེས་རེད་ཟེར་དུས་སློབ་ཁང་འདི་དེ་མ་ཉིད་དུ་འུར་ཅ་དང་བགྲོ་གླང་གི་འགོ་ཚུགས་སོང་།ལན་ནི་འདྲ་མིན་སྣ་ཚོགས་འདུག  དེ་རྗེས་ངས་ད་འོ་ན་དེ་རིང་ང་ཚོ་མཉམ་དུ་མི་རིགས་ནག་པོའི་ཕ་ཡུལ་ལ་ཡུལ་སྐོར་ལ་འགྲོ་ཞེས་pptནས་འགུལ་རིས་མང་པོ་སྟོན་དུས་སློབ་མ་གཅིག་ཀྱང་ཉོབ་མཁན་མིན་འདུག ས་ཁམས་རིག་ཚན་འདི་རིག་ཚན་གཞན་དང་བསྡུར་ན་ཅང་སློབ་མི་བདེ་བ།ནང་དོན་ཐད་སྐད་ཡིག་ལྟར་བྲོ་བ་མྱོང་རྒྱུ་ཉུང་བ།ཐ་སྙད་འགའ་ལྐོག་འགྱུར་ཅན་མང་བའི་ཁྱད་ཆོས་ཡོད་པས་དགེ་རྒན་ནས་སློབ་ཁྲིད་སྐབས་མཐོང་རྒྱ་ཡངས་པོ་དང་ཐབས་ཤེས་ཡོད་རྒུས་སློབ་ཚན་ནང་དོན་དེ་སློབ་མ་ཚོ་དང་ཐག་ཉེ་རུ་གཏོང་གང་ཐུབ་དང་སློབ་མ་ཚོའི་ཁམས་དང་མོས་པ་བསྟུན་ཐུབ་པ་བྱས་ན་ཕན་འབྲས་ངེས་ཅན་འདུག

  དཔྱད་གཞིའི་དཔེ་ཆ། 

  【དམའ་རིམ་སློབ་འབྲིང་རྨང་གཞིའི་ཤེས་བྱའི་ལག་དེབ།】

  【དམའ་རིམ་ས་ཁམས་རིག་པའི་སློབ་ཚན་སློབ་ཐབས།】

  【བོད་རྒྱ་དབྱིན་ས་ཁམས་རིག་པའི་ཚིག་མཛོད།】

<