དེང་རབས་ཀྱི་སློབ་ཁྲིད་བྱེད་ཐབས་སྐོར་ཅུང་ཟད་གླེང་བ།

2016-09-27
 སྤྱིར་དགེ་རྒན་ཞིག་ལ་མཚོན་ན་སློབ་མར་ཞིབ་འཇུག་དང་སློབ་དེབ་ལ་ཞིབ་འཇུག་དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཞིབ་འཇུག་བཅས་བྱ་རྒྱུ་ནི་དུས་རྒྱུན་གྱི་སློབ་ཁྲིད་གོ་རིམ་ཁྲོད་མེད་དུ་མི་རུང་བ་ཞིག་རེད་སྙམ།
༡སློབ་མར་ཞིབ་འཇུག་བྱེད་དགོས།ཐོག་མར་སློབ་མ་ལ་སློབ་སྦྱོང་གི་གོམས་སྲོལ་ལེགས་པོ་ཞིག་འཛུགས་རྒྱུ་ནི་སློབ་ཁྲིད་ལས་འགན་ཡོངས་འགྲུབ་བྱེད་པའི་ཁག་ཐེག་གཙོ་བོ་ཡིན་པས།དགེ་རྒན་ལ་ངེས་པར་དུ་སློབ་མའི་སེམས་ཁམས་ཀྱི་འགྱུར་ལྡོག་ལ་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཤེས་རྟོགས་ཆེན་པོ་ཡོད་དགོས་ལ།སློབ་གསོའི་གོ་སྐབས་དམ་འཛིན་དང་།གནས་བབ་དང་བསྟུན་ནས་མགོ་ཁྲིད་པ།རིག་པར་གཞིག་ནས་སློབ་གསོ་གཏོང་བ་བཅས་སློབ་མའི་སེམས་ཁམས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དེ་སློབ་ཁྲིད་དང་སྦྲེལ་དགོས།སློབ་ཁྲིད་དེ་དགེ་རྒན་གྱིས་དཔེ་ཁྲིད་དང་སློབ་མའི་སློབ་སྦྱོང་བཅས་གཉིས་ལས་གྲུབ་པ་ཡིན་མོད།འོན་ཀྱང་སློབ་མའི་སློབ་སྦྱོང་ནི་དེ་གཉིས་ལས་ཀྱང་གྲུབ་ཆ་གཙོ་བོ་ཡིན།དེའི་ཕྱིར་དགེ་རྒན་གྱིས་ཚད་མཐོན་པོའི་སྒོ་ནས་སློབ་མའི་སློབ་སྦྱོང་གི་འགྲན་རྩོད་དང་ཧུར་བརྩོན་རང་བཞིན་ལ་སྐུལ་མ་བྱེད་པ་དང་།སློབ་མའི་རྟེན་གཞིའི་ནུས་པ་དང་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་སོགས་ནི་སློབ་ཁྲིད་གྲ་སྒྲིག་བྱེད་སྐབས་ཐོག་མར་བསམ་གཞིག་གཏོང་སའམ་ཐག་གཅོད་བྱེད་རྒྱུའི་གནད་དོན་གཙོ་བོ་ཡིན།དགེ་རྒན་གྱིས་སློབ་མར་རྒྱུས་ལོན་དང་ཤེས་རྟོགས་བྱས་པ་ཅི་ཙམ་མང་ན་དེ་ཙམ་གྱིས་སློབ་ཁྲིད་ཀྱི་དམིགས་འབེན་གསལ་བ་དང་སློབ་མའི་རྒྱུད་ལ་ཡོན་ཏན་ལེགས་པོ་ཞིག་འབྱོར་ཐུབ་པར་གདོན་མི་ཟའོ།།
༢སློབ་དེབ་ལ་ཞིབ་འཇུག་བྱེད་པ།དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་ཚད་ལྡན་ཞིག་བྱེད་རྒྱུ་ནི་འོས་འགན་གཙོ་བོ་ཡིན།དེའི་ཕྱིར་ཐོག་མར་སློབ་ཁྲིད་ཚད་ལྡན་ཞིག་བྱེད་དགོས་ན་ངེས་པར་དུ་སློབ་དེབ་ལ་ཞིབ་འཇུག་གཏུང་ཟབ་མོ་ཞིག་བྱེད་དགོས།དགེ་རྒན་ནི་སློབ་མར་ཤེས་བྱ་མཁོ་སྤྲོད་དང་སློབ་མའི་སློབ་སྦྱོང་གི་དཀའ་གནད་སེལ་མཁན་ཡིན་ལ།ཤེས་བྱ་མཁོ་སྤྲོད་དམ་འཆད་ཁྲིད་གང་ལེགས་བྱེད་རྒྱུ་ནི་དགེ་རྒན་གྱི་གཞི་རྩའི་འོས་འགན་ཡིན་པས།རྒྱའི་ཁ་དཔེར་ཡང“སློབ་མར་ཆུ་དཀར་ཡོལ་གང་ལྡུག་དགོས་ན།དགེ་རྒན་ལ་ངེས་པར་དུ་ཆུ་ཟོམ་གང་ཡོད་དགོས”ཟེར་བ་བཞིན་དགེ་རྒན་ལ་སློབ་ཁྲིད་བྱ་བའི་ཉམས་མྱོང་དང་ཤེས་བྱ་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་པ་བསྟན།དེ་ཡང་དགེ་རྒན་ཕན་ཚུན་བར་སློབ་ཁྲིད་ཀྱི་ཕྱོགས་ནས་དུས་རྒྱུན་བགྲོ་གླེང་བྱེད་པ་དང་སློབ་ཁྲིད་ལ་ཉན་ཏེ་ཕན་ཚུན་ལ་དཔྱད་བསྡུར་བྱེད་པ།ལོ་མང་པོའི་རིང་གི་སློབ་ཁྲིད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པ།དེ་མིན་ད་དུང་སློབ་ཁྲིད་དང་འབྲེལ་བ་ཡོད་པའི་དཔེ་ཆ་མང་པོ་བཀླགས་ཏེ་བསམ་གཞིག་གཏོང་བ་བཅས་བྱས་ན།ད་གཟོད་སློབ་ཁྲིད་ལ་བྱང་ཆ་དང་ནུས་རྩལ་མཐོན་པོ་ཞིག་ལྡན་པར་མ་ཟད།སློབ་ཁྲིད་ཀྱི་བརྒྱུད་རིམ་ཡ་འཐུས་ཚང་ཞིག་ཡོངས་འགྲུབ་བྱེད་ཐུབ།དུས་རྒྱུན་གྱི་སློབ་ཁྲིད་གང་རུང་ཞིག་ཡིན་ཡང་།དེར་སྐྱོན་ཆ་དང་མི་འདང་ས་མེད་པ་ཞིག་ཡོང་རྒྱུ་ནི་ཧ་ཅང་དཀོན་མོད།འོན་ཀྱང་ང་ཚོས་སྐྱོན་ཆ་དང་མི་འདང་ས་ཡོད་ཚད་རིམ་བཞིན་ཇེ་ཉུང་ནས་མེད་པར་གཏོང་ཅི་ཐུབ་བྱ་དགོས།དེ་ལྟར་སློབ་དེབ་ལ་ཞིབ་འཇུག་བྱས་པ་གཏིང་ཇི་ལྟར་ཟབ་ན་སློབ་ཁྲིད་ལ་སྔར་མེད་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་མངོན་གསལ་གྱིས་ཐོབ་ངེས།

༣དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཞིབ་འཇུག་བྱེད་དགོས།དེང་སྐབས་རང་རྒྱལ་གྱི་སློབ་གསོའི་བྱེད་ཕྱོགས་ནི།སློབ་གསོས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས་པ་དང་།ངེས་པར་དུ་ཐོན་སྐྱེད་ངལ་རྩོལ་དང་ཟུར་དུ་སྒྲེལ་ནས།ཀུན་སྤྱོད་དང་ཤེས་རིག ལུས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་བྱ་དགོས་པ་དེ་ཡིན།སོའུ་ཧོའུ་མོའུ་ལེན་སི་ཅིའི་དགོངས་དོན་ནི་དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཡོངས་སུ་མཐུན་པས།དེ་ཡང་དེང་རབས་སློབ་ཁྲིད་ཀྱི་བྱེད་ཐབས་གཙོ་བོ་ནི་ཐབས་དང་རྣམ་པ་ཅི་རིགས་སྒོས་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྤེལ་གང་ཐུབ་བྱེད་ཅིང་།སློབ་མའི་བློ་རྩེ་དེ་གནད་དོན་ལ་དབྱེ་ཞིབ་དང་གནད་དོན་ཐག་གཅོད་ཐུབ་པའི་སྟེང་ལ་མནོ་བསམ་གཏོང་བར་སྐུལ་སྟེ།སློབ་མའི་རིག་པ་དང་ནུས་པ་སྔོག་འདོན་ཅི་ཐུབ་བྱས་ཏེ་མཐར་ཤེས་ཡོན་མཐིལ་ཕྱིན་པ་ཞིག་རྟོགས་ཐུབ་པ་བྱ་དགོས།དགེ་རྒན་གྱིས་ཁྲིད་སྟོན་བྱེད་པ་དང་འབྲེལ་ནས་གཙོ་བོ་སློབ་མས་རང་ཕྱོགས་ཀྱི་མཐུན་རྐྱེན་ལེགས་འདོན་བྱེད་པ་དང་།གནད་དོན་ལ་དྲི་བ་འདོན་པ་དང་གནད་དོན་ཐག་གཅོད་ཐུབ་པའི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་གཙིགས་སུ་འཛིན་དགོས།དེའི་ཕྱིར་དགེ་རྒན་ནི་སློབ་མའི་སློབ་སྦྱོང་ལ་ཁྲིད་སྟོན་དང་རྩ་འཛུགས་བྱེད་མཁན་ཡིན་པ་མ་ཟད་བསམ་བློའི་བློ་འདྲི་སའང་ཡིན་པས།སོའུ་ཧོའུ་མོའུ་ལིན་སི་ཅིའི་དགོངས་དོན་ལྟར།“སློབ་སྦྱོང་དང་སློབ་ཁྲིད།ལས་བྱ་འགྲུབ་མིན།རྒྱུགས་འབྲས་བཟང་མིན་བཅས་ཀྱིས་སློབ་མའི་བཟང་ངན་ལ་ཚད་འཇལ་བྱེད་མི་རུང་”ཞེས་གསུངས་པ་བཞིན་དགེ་རྒན་གྱིས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་སློབ་མར་སྦྱོང་ཐབས་ཁྲིད་སྟོན་ལེགས་པོ་བྱ་དགོས་པ་མ་ཟད།སློབ་མ་ཆུང་བའི་དུས་ནས་བསམ་གཞིག་གི་ནུས་པ་དང་སློབ་སྦྱོང་གི་འདུན་པ།གཞན་ཕན་སྙིང་རྗེའི་ཀུན་སློང་།རྒྱལ་ཁབ་བམ་མི་རིགས་ཀྱི་འདུ་ཤེས།ཐུན་མོང་གི་འདུ་ཤེས་སོགས་སྐྱེད་བསྲིང་བྱེད་པའམ་གོམས་གཤིས་བཟང་བོ་ཞིག་ཆགས་སུ་འཇུག་དགོས་པ་དང་།གཞན་ད་དུང་སློབ་མ་རྣམས་ལ་ཅི་ཞིག་སྦྱོང་དགོས་པ་དང་ཇི་ལྟར་སྦྱོང་དགོས་པའང་ཤེས་སུ་འཇུག་དགོས་སོ།།
<