རོང་འབྲོག་ས་ཁུལ་དུ་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་སྒྲུབ་སྟངས་སྐོར་གྱི་ལྟ་ཚུལ་རེ་གཉིས།

2016-09-27
 བདག་གིས་བསམ་ན་མི་རིགས་གང་ཞིག་ཡིན་ཡང་ཡོད་ཚད་ཀྱི་འབྱུང་འགྱུར་ནི་སློབ་གསོ་ལ་རག་ལས་པས།དེ་ལ་རང་རྒྱལ་གྱི་ཙུང་ལི་ཝུན་ཅ་པོ་ཡིས་ཀྱང་སློབ་གསོར་མཐོང་ཆེན་མི་བྱེད་པའི་མི་རིགས་ནི་བླུན་རྨོངས་ཀྱི་མི་རིགས་ཤིག་ཡིན་ཞེས་གསུངས་པ་ནི་དངོས་གནས་མི་རིགས་ལ་སེམས་ཁུར་དང་འཕེལ་རྒྱས་ལ་སྐུལ་འདེད་གནང་བའི་གསུང་ཚིག་དྲོན་མོ་ཞིག་རེད།དེ་བས་ང་ཚོའི་གསུང་ཚིག་དེ་དག་ལ་དོན་གཉེར་མ་བྱས་ན་མ་འོངས་པའི་བོད་རིགས་རོང་འབྲོག་ཁུལ་གྱི་རྨང་གཞི་སློབ་གསོ་ནམ་ཡང་རྗེས་ལུས་ཡིན་པ་ནམ་ལངས་ལངས་དང་ཉི་མ་ཤར་ཤར་ཡིན་པ་མཁྱེན་གསལ་རེད།དེ་ལ་རང་ཉིད་སློབ་གསོ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས་གཤམ་དུ་གནས་པའི་གནད་དོན་དང་དེའི་སེལ་ཐབས་འགའ་གླེང་པ་ལ། དང་པོ།བཅའ་སྡོད་ལུགས་ཀྱི་སློབ་གྲྭ་འཛུགས་པར་རྨང་གཞིའི་སྒྲིག་བཀོད་བཟང་བོ་དེ་རེད།རྨང་གཞིའི་སྒྲིག་བཀོད་བཟང་བོ་ནི་སློབ་གསོ་འཕེལ་རྒྱས་སུ་འགྲོ་བའི་མེ་ལོང་ལྟ་བུ་ཡིན་པས་ད་ལྟའི་རོང་འབྲོག་ཁུལ་སྤྱི་ལ་མཚོན་ནས་བཤད་ན་རྨང་གཞིའི་སྒྲིག་བཀོད་ཡོངས་སུ་ཆ་ཚང་བའི་སློབ་གྲྭ་ཉུང་ཤས་ལས་མེད་ཅེས་བཤད་ཆོག་ལ།ཆ་རྐྱེན་མ་ཚང་བར་བཅའ་སྡོད་སློབ་གྲྭ་བཙུགས་ཡོད་ཀྱང་སློབ་མའི་མལ་ཁང་མི་འདང་བ་དང་ཟ་ཁང་གི་སྒྲིག་གཞི་ཆ་ཚང་མིན་པ།དཔེ་མཛོད་ཁང་དང་།སློབ་ཁྲིད་དཔྱད་ཆས།ཚོད་ལྟ་ཁང་།གློག་ཀླད་ཁང་སོགས་རྩ་བ་ནས་མེད་པའམ་སྒྲིག་བཀོད་ཤིན་ཏུ་ཞན་པས་སློབ་གྲྭ་དེ་དག་ལ་སློབ་ཁྲིད་ལེགས་འགྲུབ་མི་འབྱུང་བ་སོགས་ཀྱི་གནད་དོན་མང་པོ་མཆིས་པས་དེ་དག་གི་དགོས་མཁོ་སྐོང་མ་ཐུབ་ཚེ།སློབ་གསོ་དང་སློབ་གྲྭ་འཕེལ་རྒྱས་སུ་འགྲོ་བ་ལྟ་ཞོག་སྔར་གནས་ནས་མར་ལྷུང་ཉེན་ཆེ་བས།སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སྲིད་གཞུང་ནས་གྲོན་དངུལ་མང་པོ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ་ཞིག་ཏུ་གཏོང་མོས་སུ་ཡོད། གཉིས་པ།དགེ་རྒན་དཔུང་སྡེ་ཚད་ལྡན་ཅན་དང་དགེ་རྒན་གསོ་སྦྱོང་ལ་ཤུགས་བསྣན་དགོས། སློབ་གསོ་ལེགས་པོ་ཞིག་བསྒྲུབ་དགོས་ན་ཚད་ལྡན་གྱི་སློབ་གཙོ་ཞིག་དང་དགེ་རྒན་ལ་རག་ལས་པས་དགེ་རྒན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས།དེང་སྐབས་རོང་འབྲོག་ཁུལ་དུ་དགེ་རྒན་གྱིས་མི་འདང་བ་དང་།རོང་འབྲོག་ཁུལ་གྱི་དགེ་རྒན་ནི་ས་གནས་དེར་སྐྱེས་པ་བཞིན་ཐོག་མ་ལས་བགོས་གང་དུ་བྱས་ཚེ་དེ་རུ་སྡོད་དགོས་པའི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པ་དང་ཡུལ་སྐོར་དང་ལྟ་སྐོར་ཕར་ཞོག ཐ་ན་སློབ་སྦྱོང་དང་ཟབ་སྦྱོང་སོགས་སུ་འགྲོ་བའི་གོ་སྐབས་དབེན་པས་མི་སུ་ཡིན་ཡང་ཐོས་པ་བརྒྱ་ལས་མཐོང་བ་གཅིག་བཟང་ཟེར་བ་ལྟར་འབྲོག་ཁུལ་གྱི་དགེ་རྒན་ལྟ་རྒྱ་དང་ཐོས་རྒྱ་ཞན་པ་དང་།བསམ་བློ་བརྟན་ཆགས་མིན་པ་བཅས་ཀྱི་དབང་གིས་བྱ་བར་སྤྲོ་སེམས་བྲལ་བའི་སྣང་ཚུལ་གང་མང་འབྱུང་གིན་ཡོད།ལྷག་པར་དུ་བཅའ་སྡོད་ལུགས་ཀྱི་སློབ་གྲྭར་མཚོན་ནས་བཤད་ན་བྱ་བའི་ཁུར་སེམས་ལྕི་བ་དཔེར་ན།དགེ་རྒན་ནམ་རྒྱུན་ནངས་མོའི་དུས་ཚོད་དྲུག་ནས་དགོང་མོའི་དུས་ཚོད་བརྒྱད་བར་ཁྱོད་དུས་ཚོད་བཅུ་བཞིའི་སློབ་ཁྲིད་བྱེད་དགོས་པ་དང་།ད་དུང་སློབ་མའི་མལ་ཁང་གཏན་སྲུང་བྱས་ནས་བདེ་འཇགས་འགན་ཁུར་ཁག་ཐེག་བྱེད་དགོས་པས་བྱ་བར་ཁུར་སེམས་ཧ་ཅང་ལྕི་བ་དང་།ངལ་གསོའི་དུས་ཚོད་ཉུང་དྲགས་པས།སློབ་ཁྲིད་སྤུས་ཚད་ལའང་ཤུགས་རྐྱེན་མི་ལེགས་པ་ཐེབས་དང་ཐེབས་བཞིན་ཡོད།དེའི་ཕྱིར་སློབ་གསོ་ཅུའུ་དང་ཡང་ན་སློབ་གྲྭ་དེའི་སློབ་གཙོས་ཚན་རིག་དང་མཐུན་པའི་སྒོ་ནས་འགན་ཁུར་སྣ་ཚོགས་ཁག་བགོས་མ་བྱས་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པར་ཉེན་ཆེ་བས།དེ་ལ་སློབ་གསོའི་བཅའ་ཁྲིམས་ནང་དུའང་དགེ་རྒན་ལ་སློབ་སྦྱོང་དང་ཟབ་སྦྱོང་ལ་འགྲོ་བའི་དབང་ཆ་ཡོད་པ་གཏན་འཁེལ་བྱས་ཡོད་པས།བཅའ་ཁྲིམས་ཀྱི་དགོངས་གཞི་ལྟར་དགེ་རྒན་སློབ་སྦྱོང་དང་ཟབ་སྦྱོང་དུ་མངགས་ནས་ཆེད་ལས་ཤེས་བྱར་སྦྱོང་བརྡར་ཐོབ་སྟེ་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་པ་ནི་གཞི་རིམ་དགེ་རྒན་རྣམས་ཀྱི་སེམས་གཏིང་གི་རེ་བ་ཡིན།    གསུམ་པ།ཚན་ཁག་བགོས་ནས་ལམ་ལུགས་འཐུས་ཚང་ཅན་དུ་གཏོང་དགོས།
 སྤྱིར་བྱ་བ་གང་དང་གང་ཞིག་སྒྲུབ་ཀྱང་མགོར་འཆར་གཞི་ཡོད་པ་དང་བར་དུ་བྱ་བ་སྣ་ཚོགས་ཁག་བགོས།མཇུག་ཏུ་སྤྱི་སྡོམ་ཡོད་་པ་བཅས་ནི་བྱ་བ་དེ་ལེགས་འགྲུབ་ཡོང་བའི་ཆོས་ཉིད་ཅིག་རེད།དེས་ན།སློབ་གསོའི་བྱ་བར་མཚོན་ནས་བཤད་ན་གཞན་དང་མི་མཚུངས་པའི་ལམ་ལུགས་འཐུས་ཚང་ཅན་ཞིག་མེད་ན།གསོ་ཐབས་མེད་པའི་གྱོང་གུད་ཚབས་ཆེན་འབྱུང་སྲིད་པས་མཐོང་ཆེན་བྱེད་དགོས་པ་ཞིག་རེད།རོང་འབྲོག་ཁུལ་གྱི་སློབ་གྲྭར་མཚོན་ན་བྱ་བར་ཁག་བགོས་ལམ་ལུགས་ཆ་ཚང་མིན་པ་དང་བྱ་བའི་བགོ་སྟངས་ཚད་ལྡན་མིན་པ་དཔེར་ན་སྤྱིར་སློབ་གཙོ་ནི་སློབ་གྲྭའི་བྱ་བ་ཡོངས་ཀྱི་བཀོད་འདོམས་པ་དང་སྣེ་ཁྲིད་པ་ཡིན་ཀྱང་།ས་གནས་ཁག་ཏུ་སློབ་གཙོར་བྱ་བ་ཐག་གཅོད་བྱེད་པའི་དབང་ཆ་མེད་པ་དང་བྱ་བ་སྒྲུབ་སྟངས་དང་ཚད་འཇལ་བྱེད་ཐབས་ཀྱི་ལམ་ལུགས་མེད་པས།སློབ་གཙོ་ནི་སློབ་གྲྭ་དེ་གའི་གླ་པ་བཞིན་དུ་གྱུར་ཏེ་ཉིན་མོ་སློབ་ཁྲིད་དང་མཚན་མོར་སློབ་མའི་བདེ་འཇགས་སོགས་ཡོད་ཚད་འགན་བཞེས་དགོས་པ་མ་ཟད།གཞན་འཆར་གཞི་སྣ་ཚོགས་འགྲུབ་དགོས་ཤིང་།ཐ་ན་སློབ་མའི་ཟ་འཐུང་ལའང་བཀོད་སྒྲིག་བྱེད་པ་རེད།དེ་ལྟར་བྱ་བའི་གནོན་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་སློབ་གསོའི་དོ་དམ་ལ་འགལ་རྐྱེན་འབྱུང་གིན་ཡོད་པ་ལྟ་བུ་རེད།དེས་ན་བཅའ་སྡོད་ལུགས་ཀྱི་སློབ་གྲྭ་རུ་སློབ་གཙོར་ངེས་པར་དུ་དབང་ཆ་སྤྲོད་དགོས་པ་དང་།ཡང་ན་སློབ་གཙོའི་འགན་ནུས་ཐེག་ཐུབ་པ་ཞིག་བསྐོ་འཇོག་བྱ་དགོས།སློབ་གཙོ་ཚད་ལྡན་ཞིག་ཡིན་ཚེ།སློབ་སྟོན་ཁང་དང་ཆབ་སྲིད་སློབ་སྟོན་ཁང་གི་བཀོད་སྒྲིག་ཇེ་དམ།སྤྱི་གཉེར་ཁང་བཙུགས་ནས་དཔལ་འབྱོར་དང་དངོས་རིགས་དོ་དམ་ཚད་མཐུན་ཡིན་པ།དགེ་རྒན་དང་སློབ་གཙོའི་བྱ་བའི་ལྕི་ཤུགས་ཇེ་ཆུང་སུ་གཏོང་ཐུབ་པ།སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱེད་ཐུབ་པ་ཞིག་ཡིན་དགོས། བཞི་བ།དགེ་རྒན་ལ་སློབ་གསོའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཁྲིམས་འཛིན་གྱི་དབང་ཆ་དང་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར་འཐོབ་དགོས།  
དེ་ཡང་རང་རེའི་ས་ཁུལ་ལ་མཚོན་ནས་བཤད་ན་དམངས་ཀྱི་རིག་གནས་ཆུ་ཚད་ཞན་པའི་དབང་གིས་སློབ་གསོའི་བྱ་བར་མི་དགའ་བ་དང་ལྟ་ཚུལ་ངན་པ་འཛིན་པ།ཐ་ན་སློབ་གསོའི་བྱ་བ་ནི་དགེ་རྒན་གྱི་བྱ་བ་ཞིག་ཏུ་བརྩིས་ནས་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་སྲིད་ཇུས་བཟང་བོ་བརྩོན་ལེན་མི་བྱེད་པ་དང་དགེ་རྒན་ལ་ངན་ཁག་དཀྲི་བ་དང་།ཐ་ན་ཉེས་འགལ་སྒོས་སློབ་མ་སློབ་གྲྭ་ནས་ཕྱིར་འཐེན་བྱེད་པ་སོགས་སློབ་གསོའི་བཅའ་ཁྲིམས་སྣང་མེད་དུ་འཇོག་མཁན་མང་བས།ངེས་པར་དུ་དགེ་རྒན་ལ་སློབ་གསོའི་བཅའ་ཁྲིམས་དོན་ཐོག་ཏུ་དངོས་འབེབས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོར་མཐོང་ཆེན་དང་དགེ་རྒན་ལ་བརྩི་བཀུར་རྒྱབ་སྐྱོར་བྱེད་དགོས།

འཕྲིན་སྟེགས། weikangba

<