དབྱིན་ཇི་པས་བྱིས་པར་སློབ་གསོ་ཇི་ལྟར་གཏོང་བ་ཡིན།

2016-09-27
 ཀུན་སྤྱོད་ནི་སློབ་སྟོན་ལ་རག་ལས་པ་མིན།
 དབྱིན་ཇིའི་སློབ་གྲྭ་ཆུང་འབྲིང་ཀུན་ཏུ་ཀུན་སྤྱོད་སློབ་གསོ་ལ་ཀུན་སྤྱོད་སློབ་གསོ་མི་ཟེར་བར“མི་སྒེར་གྱི་སྤྱི་ཚོགས་བདེ་ཐང་སློབ་གསོ”དང་ཡང་ན“སྤྱི་ཚོགས་ཅན་གྱི་བརྒྱུད་རིམ་”ཞེས་ཟེར།དེའི་དམིགས་ཡུལ་ནི་སློབ་མ་རྣམས་ལ་མི་ཞིག་བྱེད་པའི་རྩ་བའི་གནས་ལུགས་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་དེ་རེད།དེའི་ཀུན་སྤྱོད་འདུ་ཤེས་ཀྱི་སྙིང་བོར་བཞི་ཡོད་དེ།ཚེ་སྲོག་ལ་བརྩི་བཀུར་བྱེད་པ་དང་།འདྲ་མཉམ།གཞུང་དྲང་།ཁ་དན་ཚིག་ལ་གནས་པ་བཅས་སོ།།
   དབྱིན་ཇི་པར“ཀུན་སྤྱོད་ཡག་པོ་ནི་སེམས་འགུལ་ཐེབས་པ་བྱུང་བ་ལས་སློབ་སྟོན་བྱས་ནས་བྱུང་བ་མིན”ཞེས་པའི་འདུ་ཤེས་ཤིག་ཡོད།འདུ་ཤེས་འདི་ནི་དབྱིན་ཇིའི་སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་སློབ་གསོའི་ཁྲོད་གསལ་བོར་མཚོན་ཡོད་དེ།བྱིས་པར་བྱི་ལས་མ་ཎི་འདོན་པ་ལྟར་ཀུན་སྤྱོད་ཀྱི་རྩ་དོན་རྣམས་བློ་ལ་སྐྱོར་མི་དགོས་པར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དང་སེམས་པའི་གཏིང་ནས་མི་ཆོས་ཀྱི་ཀུན་སྤྱོད་ལ་རྒྱུས་ལོན་དང་ཤེས་རྟོགས་བྱེད་དུ་འཇུག་པ་རེད།
 གཞུང་དྲང་ནི་ཁེར་རྐྱང་དུ་གྱུར་པའི་སྤྱོད་ལམ་ཞིག་མིན།
 དབྱིན་ཇིའི་སློབ་གྲྭ་རུ་སྤྱིར་བཏང་དུ་ཀུན་སྤྱོད་སློབ་གསོའི་སློབ་ཚན་ཆེད་དུ་བཙུགས་པ་མེད།འོན་ཀྱང་སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་འདུས་པའི་འཛམ་གླིང་གི་ཆོས་ལུགས་དད་མོས་གཙོ་བོའི་སློབ་ཚན་རྣམས་འདེམ་སྦྱོང་དུ་བཀོད་ཡོད།འདི་ནི་ཀུན་སྤྱོད་དང་ལས་རྒྱུ་འབྲས་ཀྱི་བསམ་པ་སྐྱེད་སྲིང་བྱེད་པའི་སློབ་ཚན་གལ་ཆེན་ཞིག་ཏུ་བསམ་གྱིན་ཡོད།
  ཐུན་མོང་གི་རྩེད་མོ་ཡང་བྱིས་པས་མི་གཞན་ལ་བསམ་བློ་གཏོང་བ་དང་བསམ་ཤེས་བྱེད་པ།རྩེད་རོགས་དང་ཇི་ལྟར་འགྲོག་ཚུལ་སོགས་ཤེས་ཐུབ་པའི་བྱེད་སྟངས་ཤིག་ཡིན།དབྱིན་ཇིའི་སློབ་གྲྭས་ད་དུང་སློབ་མར་སྲོག་ཆགས་ཆུང་ཆུང་རེ་གསོ་བ་དང་རྒན་གསོ་ཁང་དུ་ཁྲིད་དེ་རྒན་པ་དང་ཁ་བརྡ་བྱེད་དུ་འཇུག་པ།སྙིང་རྗེ་ཚོགས་པར་ཞལ་འདེབས་འབུལ་བ།སྤྱི་ཕན་ནམ་ཁོར་ཡུག་སྲུང་སྐྱོང་གི་བྱ་འགུལ་ལ་ཞུགས་པར་བསྐུལ་ཏེ་བྱིས་པ་རྣམས་ཀྱི་བརྩེ་སེམས་དང་སྤྱི་ཚོགས་འབྲེལ་འདྲིས་ཀྱི་ནུས་པ་སྐྱེད་སྲིང་བྱེད་ཀྱིན་ཡོད།དབྱིན་ཇིའི་སློབ་གསོའི་བྱ་བ་བྱེད་མཁན་དག་གིས་གཞུང་དྲང་ནི་ཁེར་རྐྱང་དུ་གྱུར་པའི་སྤྱོད་ལམ་ཞིག་མིན་པར་རང་གཅེས་དང་གཞན་བཀུར།ཚེ་སྲོག་དང་རང་བྱུང་ཁམས་ཆེན་པོར་བཅངས་པའི་བརྩེ་བ་རྣམས་དམ་པོར་སྦྲེལ་བ་ཞིག་ཡིན་པར་བསམས།
  མི་གཞན་ལ་བར་ཆད་གཏོང་མི་རུང་།
དབྱིན་ཇིའི་སྤྱི་ཚོགས་ཀུན་སྤྱོད་ཀྱི་སློབ་གསོས་བྱིས་པར་ཆུང་དུས་ནས་རང་ཉིད་ལ་བདག་སྐྱོང་དང་གཞན་ལ་བར་ཆད་མི་བྱེད་པའི་སློབ་གསོ་གཏོང་བ་རེད།འདི་ནི་སྤྱིའི་སྤྱོད་བཟང་དང་སྒེར་གྱི་ཀུན་སྤྱོད་གཉིས་ཀྱི་བར་མཚམས་ཤིག་ཡིན།ཁུང་ཙིས“རང་གིས་བྱེད་འདོད་མེད་པ་རྣམས།།གཞན་ལ་བྱེད་དུ་འཇུག་མི་རུང་།།”ཞེས་བརྗོད་ཡོད།ནུབ་ཕྱོགས་སུའང་འདི་དང་ཡང་ན་འདི་ལས་ཀྱང་དགེ་མཚན་ལྡན་པའི་བཤད་ཚུལ་ཞིག་ཡོད་པ་ནི།མི་གཞན་གྱིས་རང་ལ་ལྟ་སྟངས་ཇི་ལྟ་བུ་ཞིག་བཅངས་པ་འདོད་པ་བཞིན་དུ་རང་གིས་ཀྱང་མི་གཞན་ལ་དེ་ལྟ་བུའི་ལྟ་སྟངས་ཤིག་འཛིན་དགོས་ཟེར་བ་དེ་ཡིན།དཔེར་ན་འགྲིམ་འགྲུལ་ལམ་སྲོལ་ལྟ་བུར་མཚོན་ན།རླངས་འཁོར་བསྐོར་ནས་འགྲོ་སྐབས་མིག་གིས་མཐོང་ཐུབ་ཚད་བཟང་བའི་སྐབས་སུ་རླངས་འཁོར་གཞུག་གི་ན་བུན་གློག་སྒྲོན་བསྒྲོན་མི་ཆོག་པ་ཅི་ཡིན་པ་དང་།གཞན་པའི་རླངས་འཁོར་རང་གི་མདུན་ནས་བརྒལ་བའི་ཚེ་རྒྱང་འོད་གློག་སྒྲོན་དེ་ཉེ་འོད་གློག་སྒྲོན་དུ་བསྒྱུར་དགོས་པའི་དོན་ཅི་ཡིན་པ་སོགས་ལྟ་བུ།རླངས་འཁོར་བསྐོར་བའི་ཚེ་གཞན་གྱི་གནས་བབས་ལ་དགོངས་ཚེ་དོན་དུ་རང་ཉིད་ཀྱི་རླངས་འཁོར་བདེ་གཏོང་ཡོང་བར་བསམ་གཞིགས་བྱེད་པ་ཡིན།
  ཆེས་གལ་ཆེ་བ་ནི་སེམས་བཟང་ཡིན།
དབྱིན་ཇི་པའི་མིག་ལམ་ནང་མི་ཞིག་ལ་བལྟས་ན།དེའི་ལས་རིགས་དང་ཕོ་མོ།ཡོང་སྒོ།མྱོང་བའི་སློབ་གསོ་སོགས་ལ་འབྲེལ་བ་མེད་པར།ཆེས་གལ་ཞིག་ནི་དེའི་སེམས་པ་བཟང་མིན་ལ་ལྟ་གིན་ཡོད།ཁོ་ཚོས་བྱིས་པ་པར་ཆུང་དུས་ནས་སྲོག་ཆགས་དང་རྩི་ཤིང་འདུས་པའི་ཚེ་སྲོག་ཐམས་ཅད་ལ་གཅེས་སྤྲས་བྱེད་དགོས་པར་སློབ་གསོ་གཏོང་གིན་ཡོད།གནམ་གཤིས་བཟང་བའི་དུས་སུ་ཁོ་ཚོས་བྱིས་པ་ཁྲིད་དེ་ཞིང་རར་ཡོང་ནས་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་པ་དང་།དབྱར་ཁར་ཇ་ཁང་དུ་གྲོག་མས་ཁེངས་ཀྱང་ཕ་མས་གྲོག་མ་གསོད་ཞོར་དུ་རང་ཉིད་ཀྱི་བྱིས་པར་མྱུར་དུ་གསོད་པ་ལས་སྡུག་བསྔལ་བར་འཇུག་མི་རུང་བའི་བསླབ་བྱ་གཏོང་བ་མ་ཟད།གྲོག་མ་རེ་གཉིས་ཙམ་བསད་དེ་སྐྲག་ཅིག་ཕུད་ན་ཆོག་སྟེ།དེས་གྲོག་མ་གཞན་རྣམས་ལ་བརྡ་བཏང་ནས་ཕྱོགས་འདིར་ཡོང་རུ་མི་འཇུག་པ་དང་ཡང་ན་དམ་བེའི་ནང་དུ་བཟུང་རྗེས་མེ་ཏོག་ལྡུམ་རའི་ནང་དུ་འཁྱེར་ནས་ཚེ་ཐར་གཏོང་དུ་འཇུག་པ་རེད།
  ཆེས་གལ་ཆེ་བའི་གཤིས་ཀ་ནི་སྤོབས་པ་ཡིན།
 སྔོན་ནས་བཟུང་མི་ཚོས་དབྱིན་ཇིའི་སློབ་གསོ་ནི་བག་ཡོད་ཚུལ་ལྡན་ཞིག་ཏུ་བསམ་གྱིན་ཡོད།དོན་དངོས་ཐོག་དེང་རབས་ཀྱི་དབྱིན་ཇི་པས་ལྷག་པར་དུ་བྱིས་པའི་སྙིང་སྟོབས་ཆེ་བ་དང་སྡུག་རུས་ཀྱི་གཤིས་ཀ་སྐྱེད་སྲིང་བྱེད་པར་མཐོང་ཆེན་གནང་བཞིན་ཡོད།ཁོ་ཚོས་སྤོབས་པ་ནི་མི་ཞིག་གིས་རང་འགུལ་གྱིས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྒུལ་ཤུགས་ཤིག་ཡིན་པ་གསལ་བོར་རྟོགས་ཡོད།
 དབྱིན་ཇིའི་ཕ་མ་ཚོས་རྒྱུན་དུ་རང་ཉིད་ཀྱི་བྱིས་པ་ཁྲིད་དེ་ཉེན་དཔྱད་བྱེད་དུ་འགྲོ་བ་རེད།རང་བྱུང་ཁམས་ཆེན་པོ་དང་ཉེན་ཁ་ཆེ་བའི་ཁོར་ཡུག་ཁྲོད་འཚོ་གནས་བྱེད་པ་དེའི་དམིགས་ཡུལ་ནི་བྱིས་པའི་སྤོབས་པ་དང་སྙིང་སྟོབས་སྦྱོང་བརྡར་བྱས་ཏེ་ཕྱིན་ཆད་ཀྱི་མི་ཚེ་རིང་བོར་མི་གཤིས་ཕྱོགས་ནས་གྲ་སྒྲིག་ལེགས་པོ་བྱེད་པ་དེ་ཡིན།དབྱིན་ཇིའི་ཁྱིམ་བདག་ཚོས་བྱིས་པ་གཅེས་ལང་དུ་གཏོང་བ་དེ་བྱིས་པར་ཕན་ཐོགས་སྤུ་ཙམ་ཡང་མེད་སྙམ་སྟབས།ཁྱིམ་ཚང་གི་སློབ་གསོའི་ཁྲོད་བྱིས་པའི་ཁེར་ཀྱང་གི་འདུ་ཤེས་སྐྱེད་སྲིང་བྱེད་པར་མཐོང་ཆེན་བྱེད་པ་རེད།དབྱིན་ཇི་པས་སྤྱི་སྤྱོད་རླངས་འཁོར་སྟེང་ནས་རྒན་པ་དང་དབང་བོ་སྐྱོན་ཅན།སྦྲུམ་མ་བཅས་ལ་འཕྲད་ཚེ་རང་འགུལ་གྱིས་འདུག་སྟེགས་སྤྲོད་པ་ཡིན་ཡང་།བྱིས་པ་ཁོ་ནར་འདུག་སྟེགས་སྤྲོད་མི་སྲིད།གང་ཡིན་ཟེར་ན་དབྱིན་ཇི་པས་བྱིས་པར་སྦྱོང་བརྡར་འཐོབ་དགོས་པས་ཁོ་ཚོ་རང་རྐྱ་འཕེར་བར་སྐུལ་ལྕག་བྱེད་དགོས་སྙམ་གྱིན་ཡོད་པས་རེད།།

འཕྲིན་སྟེགས། weikangba

<