ཁྱིམ་ཚང་སློབ་གསོ་ལས་ཕ་མའི་གོ་རྟོགས་གླེང་བ།

2016-09-27
 ཕ་མ་བཟང་བོར་བསམ་པའི་གོ་རྟོགས་མཐོ།
 
  རང་རེ་བོད་གངས་ཅན་གྱི་སྤྱི་ཚོགས་ཁྲོད། “ཕ་བཟང་གི་བུ་དང༌། གཡག་བཟང་གི་ཀོ་བ”ཟེར་བའི་གཏམ་དཔེ་ཞིག་དང༌། ཡང་ན“ཕ་རྒོད་པོ་ཤ་གཟན་ལ་བུ་ཁྭ་ཏ་སྐྱག་གཟན་འཁྲུངས”ཟེར་པའི་གཏམ་དཔེ་དག་རླུང་ལྟར་གྲགས་བཞིན་ཡོད། དེ་དག་མདོར་དྲིལ་ནས་བཤད་ན་ཁྱིམ་ཚང་གི་སློབ་གསོར་བཞག་པའི་སྡོམ་ཚིག་དང་། ཡང་ན་ཕ་མ་དག་གི་བསམ་པའི་གོ་རྟོགས་དང་སློབ་གསོའི་ཐབས་ལམ་ལ་བོར་བའི་ལེགས་བཤད་ཅིག་ཡིན་པ་རེད།
  རྒྱུ་མཚན་ནི་ཕ་མ་རྣམས་ཀྱིས་རང་གི་མི་རྒྱུད་ཕྱི་མར་སློབ་གསོ་བཟང་བོ་བཏང་ཞིང་བྱིས་པ་རྣམས་སྤྱོད་ཡོན་གཉིས་ལྡན་གྱི་མི་ཞིག་ཏུ་གྱུར་ཚེ། མི་རྣམས་ཀྱིས“ཕ་བཟང་གི་བུ་དང༌། གཡག་བཟང་གི་ཀོ་བ”ཟེར་ཞིང་གདེང་འཇོག་མཐོན་པོ་བྱེད་ལ། དེ་བཞིན་བྱིས་པར་སློབ་གསོ་ངན་པ་ཐེབས་ཏེ་མ་རབས་ཐ་ཤལ་གྱི་གཏམ་སྤྱོད་འདྲ་ཐོན་ཚེ། མི་རྣམས་ཀྱིས“ཕ་རྒོད་པོ་ཤ་གཟན་ལ་བུ་ཁྭ་ཏ་སྐྱག་གཟན་འཁྲུངས”ཟེར་ཞིང་འཕྱ་སྨོད་བྱེད། དོན་ལ་ཕ་མ་གོ་རྟོགས་ཅན་གྱིས་བྱིས་པ་འཇོན་ཐང་ཅན་སྐྱེད་སྲིང་བྱས་པ་དང་ཕ་མ་གོ་མེད་རྣམས་ཀྱིས་བྱིས་པ་ནུས་མེད་དག་སྐྱེད་སྲིང་བྱས་པ་ནི་སློབ་གསོའི་རྒྱུ་གང་དེར་ཡོན་ཏན་རབ་འབྲིང་ཐ་གསུམ་གྱི་འབྲས་བུ་སྨིན་པའི་ཆོས་ཉིད་ཙམ་ལས་མ་འདས་སོ། །
  ཡིན་ཡང་འཇིག་རྟེན་གྱི་ཕ་མ་སུ་དང་གང་ཡིན་ཡང༌། རང་གི་བྱིས་པའི་རྒྱུད་ལ་ཤུགས་རྐྱེན་ལེགས་པོ་བཞག་སྟེ་འཇོན་ཐང་ཅན་དུ་གཏོང་འདོད་པ་ལས། གོ་མེད་ནུས་མེད་དུ་གཏོང་སྙམ་མཁན་གཅིག་ཀྱང་ཡོད་མི་སྲིད་པ་ཡིན། འོན་ཀྱང་ཕ་མ་དག་གི་བསམ་པའི་གོ་རྟོགས་བཟང་ངན་གྱི་དབང་གིས་རང་གི་མི་རྒྱུད་ཕྱི་མ་སྟེ། བྱིས་པའི་ཀུན་སྤྱོད་དང་འབྱུང་སྤུས།  མི་གཞི་དང་མདུན་ལམ་བཅས་ལ་ཤུགས་རྐྱེན་རབ་འབྲིང་ཐ་གསུམ་བཞག་པར་བརྟེན། སྤྱི་ཚོགས་སྟེང་གི་མི་རྣམས་ཀྱི་སྤུས་ཚད་ལའང་ཁྱད་པར་དུ་མ་བྱུང་བ་གདོན་མི་ཟ་བ་རེད། དེ་བས་ཁྱིམ་ཚང་གི་སློབ་གསོ་གཏོང་མཁན་ཏེ། འཇིག་རྟེན་ཕ་མ་ཚོའི་བསམ་པའི་གོ་རྟོགས་ཇེ་མཐོར་གཏོང་རྒྱུ་ཡང་སྣང་མེད་དུ་འཇོག་མི་རིགས་པར་འདོད་ནས་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་འདི་ཁུར་དུ་ཁྱེར་ནས་འབྲི་ཁུལ་བྱས་པ་ལགས།
  སྤྱིར་ཁྱིམ་ཚང་གི་སློབ་གསོ་ནི་བྱིས་པ་ནར་སོན་པའི་བརྒྱུད་རིམ་ཁྲོད་ཀྱི་སློབ་གསོ་ཁྱད་པར་ཅན་ཞིག་ཡིན་པས། སྤྱི་ཚོགས་དང་སློབ་གྲྭའི་སློབ་གསོ་སོགས་སློབ་གསོ་གང་གིས་ཀྱང་ཚབ་བྱེད་ཐབས་མེད་པ་ཡིན། ཐུན་མིན་གྱི་སློབ་གསོ་འདི་གཏོང་མཁན་ནི་ཁྱིམ་ཚང་སོ་སོའི་ཁྱིམ་བདག་སྟེ། བྱིས་པའི་ཕ་མ་རེ་རེ་ཡིན་ཕྱིན། ཁྱིམ་བདག་རྣམས་ལའང་སློབ་གསོ་རིག་པའི་གཞུང་ལུགས་དང་རྩ་བའི་ཤེས་བྱ། སློབ་གསོ་རིག་པའི་ཁ་ཕྱོགས་དང་ཐམས་ལམ། སློབ་གསོའི་ཆོས་ཉིད་དང་སེམས་ཁམས་རྟོག་འཇུག་གི་ཁྱད་ཆོས་སོགས་ཉུང་ཙམ་ལྡན་དགོས་པ་ནི་བཤད་མ་དགོས་པ་རེད། འོན་ཀྱང་རང་ནུས་ཀྱིས་རྒྱུས་ལོན་བྱས་པ་ལྟར་ན། བོད་ཞིང་འབྲོག་གི་ཁྱིམ་བདག་ཡོངས་ཀྱི 90% ལ་ཁྱིམ་ཚང་སློབ་གསོའི་འདུ་ཤེས་དང་གོ་རྟོགས་མེད་པར་བརྟེན། བྱིས་པའི་བྱ་བ་ཡོད་ཚད་དགེ་རྒན་དང་ཡང་ན་སློབ་གྲྭའི་སློབ་གསོ་ལ་སྐྱབས་བཅོལ་བའི་རྣམ་པ་ཧ་ཅང་མངོན་གསལ་རེད། ད་དུང་ཁྱིམ་བདག་དེའི་ནང་གི 70% ཡིག་རྨོངས་པ་དང་ཡིག་རྨོངས་ཕྱེད་ཅན་ཡིན་པས། བྱིས་པ་ལ་ལྡོག་ཕྱོགས་ཀྱི་སློབ་གསོ་ཐེབས་པ་མང་ཞིང་དྲང་ཕྱོགས་ཀྱི་སློབ་གསོ་ཐེབས་པ་ཉུང༌། ལྷག་པར་དུ་འུ་ཅག་གི་ཁྱིམ་བདག་རྣམས་ལ་མཚོན་ན།  སློབ་གསོའི་ཕྱོགས་ནས་པར་བསྐྲུན་བྱས་པའི་དཔེ་ཆ་དང་དུས་དེབ།  ཡང་ན་དགེ་རྒན་ཚོའི་སྙིང་ནས་བརྡོལ་བའི་འབོད་སྐུལ་གྱི“རྩོམ་རལ”དག་ལ་ཕ་མ་སུ་ཞིག་གིས་བལྟ་ཤེས་ཤིང༌། ཁྱིམ་བདག་སུ་ཞིག་གིས་བལྟས་མྱོང་ཨང༌། འདི་དག་ཀྱང་མདོར་དྲིལ་ནས་བཤད་ན་དུས་རབས་གསར་བའི་མིའི་རིགས་ཀྱི་ལས་དབང་ཁ་ལོ་བསྒྱུར་མཁན་ཚོའི་ཁོག་ན“དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག”(དཔལ་དོན་གྲུབ་རྒྱལ་གྱི་ཚིག)གི་འཕར་ཚུལ་ཡིན་ཡང༌། ཡོད་ཚད་འཇིག་རྟེན་ཕྱི་མར་བཅོལ་བའི་ལུགས་སྲོལ་ཞིག་དང༌།  ཡང་ན“གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས”(མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཚིག)པའི་སྲོལ་ངན་འདི་དག་གིས། རེ་བ་དང་རེ་བཞག་ཅན་གྱི་བཻཌྰིརྱའི་བུམ་པ་དུ་མ་ཞིག་ས་ལ་བརྡབས་འགྲོ་བ་ག་ལ་མཁྱེན། ད་ནི་བོད་ཀྱི་ཁྱིམ་བདག་ཚོའི་གོ་རྟོགས་སྤེལ་ཆེད་དུ། མཁྱེན་སྤྱན་ཡངས་པའི་སྔོན་ཐོན་མི་རིགས་ཀྱི་ཁྱིམ་ཚང་སློབ་གསོ་ཡི་གཟིགས་མོ་ལ་ཐེངས་གཅིག་བལྟ།
  རྒྱའི་ལུའུ་ཞུན(鲁迅)གྱིས“བྱིས་པའི་ཕ་མ་རྩོམ་མཁན་ཞིག་ཡིན་ན།  བྱིས་པ་ཆུང་ཆུང་ཚོས་ཐོག་མར་ངོ་ཤེས་པའི་དངོས་པོ་ནི་ཤོག་བུ་དང་སྣག་ཚ།  སྨྱུ་གུ་སོགས་ཡིན་པ་དང༌།  བྱིས་པའི་ཕ་མ་ཤིང་བཟོ་མཁན་ཞིག་ཡིན་ཚེ།  དེ་དག་གི་བྱིས་པས་ཐོག་མར་སོག་ལེ་དང་སྟ་རེ།  ཤིང་འབིག་སོགས་ངོ་ཤེས་ངེས་ཡིན”(ཡིད་ངོས་ཀྱི་ཚིག་ཇི་བཞིན་བྲིས་པ)ཟེར། སྐད་ཆ་འདིའི་ཚིག་ཟུར་ནས་རྟོགས་ཐུབ་པ་ནི།  བྱིས་པའི་རྒྱུད་ཀྱི་ཤེས་ནུས་རྩལ་གསུམ་དང་མི་གཞིའི་ཀུན་སྤྱོད་ཕལ་ཆེ་བ་ཁྱིམ་བདག་གིས་འདོན་སྤྲོད་བྱས་པ་དེ་རེད་པས། ཁྱིམ་བདག་གི་ཤེས་ནུས་རྩལ་གསུམ་དང་མི་གཞིའི་ཀུན་སྤྱོད་སོགས་ཀྱིས་བྱིས་པའི་མི་ཚེ་གང་བོར་བག་ཆགས་བསུབ་ཐབས་མེད་པ་ཞིག་བཞག་ཡོད་པའང་ཞོར་ལ་རྟོགས་ཡོང་གི་རེད། ཡིན་ཡང་འུ་ཅག་གི་ཁྱིམ་བདག་ཕལ་ཆེ་བ་ཞིང་ཕྱུགས་གཉེར་བའི་རོང་འབྲོག་སྐོར་ཞིག་དང༌། ཡང་ན་ཆོས་བྱེད་མི་སྣ(གཙོ་བོ་གྲྭ་ས་ནས་མར་ལོག་བྱུང་བའི་ཁྱིམ་བདག་ཚོ་བསྟན་པ་ཡིན)སྐོར་ཞིག་ཡིན་པས། བོད་རིགས་བྱིས་པ་ཚོས་ཆེས་ཐོག་མར་ངོ་ཤེས་རྒྱུའི་དངོས་པོ་ཡང་ལྕགས་ཁེམ་དང་འུར་ཆ། ད་དུང་གཏོར་མ་སོགས་ཡིན་པ་བཤད་མ་དགོས་པ་རེད། དེའི་རྐྱེན་གྱིས་འུ་ཅག་གི་འཕེལ་རྒྱས་ཀྱང་དེ་འདྲ་ཙམ་ལས་འགྲོ་ཐུབ་ཀི་མེད་པ་རྟོགས་སྲིད་ཀྱང༌། ད་དུང་ཆོག་ཤེས་བྱེད་དགོས་ཞེས་སློབ་གསོ་འདྲ་གཏོང་བར་སྙིང་བོ་ཨེ་འདུག་སོམས་དང་ཤེས་ངེས་རེད། གཞན་རྣམས་ཀྱི་ཁྱིམ་བདག་ཚོའི་ཁྲོད་དུ་ཁྱིམ་བདག་ལག་ཤེས་པ་དང་ཁྱིམ་བདག་བཟོ་རྩལ་ཅན། ཁྱིམ་བདག་རིག་གནས་པ་དང་ཁྱིམ་བདག་བསམ་བློ་མཁན། ད་དུང་ཁྱིམ་བདག་རྩོམ་མཁན་དང་སྒྱུ་རྩལ་མཁན། ཚོང་མཁན་དང་ཚན་རིག་པ་སོགས་བརྗོད་ཀྱིས་མི་ལངས་པ་ཞིག་བྱུང་དང་འབྱུང་བཞིན་འདུག་པས། དེ་དག་གི་བྱིས་པས་དེ་ཉིད་ཀྱི་སློབ་གསོ་མྱོང་ཞོར་མིའི་རིག་གནས་ཀྱིས་ཕྱུག་པའི་དགའ་ཚལ་ན་ཅི་བདེར་འཚོ་ཞིང་གནས་བཞིན་གདའ། འོན་ཀྱང་ང་ཚོའི་བྱིས་པ་ཚོས“བོང་བུས་རྡོ་རང་འདྲུད་པ”ལྟ་བུའི་སློབ་གསོ་ཞིག་མྱོང་བ་དང་ལྷ་འདྲེས་ཁེངས་པའི་འཇིག་རྟེན་ན་བག་འཁུམ་དུ་འཚོ་ཞིང་གནས། ཞིབ་ཏུ་བསམ་ན་འདི་དག་ཀྱང་རྗེས་ལུས་ཐེབས་བྱེད་ཀྱི་འདྲུད་རྡོ་ཞིག་ཏུ་གྱུར་ཡོད་པར་སེམས། དེ་བཞིན་ད་རུང་གཞན་རྣམས་ཀྱིས“བྱིས་པའི་མཚར་འཛིན་གྱི་བློ་ནི་ཚན་རིག་གི་འབྱུང་ཁུངས་ཡིན”ཟེར་བཞིན་བྱིས་པའི་མཚར་འཛིན་གྱི་བློ་ལ་རྒྱབ་སྐྱོར་བྱེད་པར་མ་ཟད།  བྱིས་པ་དེའི་ཚེ་གང་གི་འཚོ་གནས་དང་བདེ་སྐྱིད།  མདུན་ལམ་བཅས་ཀྱི་ཆེད་དུ“ཁྱིམ་ཚང་གི་རྒྱུ་ནོར་ཡོད་ཚད་གཏོང་དགོས་རུང༌། རང་གི་བུ་མོ་མཁས་པ་ཞིག་ལ་བག་མར་སྟེར”(ཡུ་ཧུ་ད་པ་བའི་ལེགས་བཤད)བ་དང༌། བྱིས་པའི་མ་འོངས་པའི་ཆེད་དུ་སློབ་གསོའི་ཕྱོགས་ཀྱི་དཔེ་ཆ་དང་དུས་དེབ་སྣ་ཚོགས་བླུས་ནས་ཁྱིམ་བདག་གིས་སློབ་སྦྱོང་བྱེད་ཅིང་བྱིས་པར་སློབ་སྟོན་བྱེད་པར་མ་ཟད། ད་དུང་ཆེད་མཁས་དགེ་རྒན་ལ་འགྲོ་གྲོན་བཏང་ནས་རང་གི་བྱིས་པར་སློབ་གསོ་གཏོང་དུ་འཇུག ཁྱད་པར་དུ་བྱིས་པའི་རིག་ལམ་འཕེལ་རྒྱས་ཀྱི་ཆེད་དུ་རིག་སྤེལ་རྩེད་ཆས(智力玩具)སྣ་ཚོགས་ཉོ་ལ། བྱིས་པའི་ལུས་ཁམས་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད་འཚོ་བཅུད་ཀྱིས་ཕྱུག་པའི་ཟས་རིགས་སྣ་ཚོགས་དང་བཏུང་བཅའ་སྣ་ཚོགས་ཀྱང་ཉོ་བ་ཡིན། འོན་ཀྱང་འུ་ཅག་གི་ཕ་མ་ཚོས་རང་གི་བུ་མོ་མཁས་པ་ཞིག་གི་ཆུང་མར་སྟེར་བ་ལྟ་ཞོག དེ་ལས་ལྡོག་སྟེ་རིགས་རུས་གདུང་རྒྱུད་དང་རྒྱུ་འབྱོར་བ་གཙོ་བོར་བལྟ་བར་མ་ཟད། ཆུང་དུས་ཨ་མས་བྱིས་པར་ནུ་མ་བསྣུན་ནས་གཉོར་སྐྱོང་ཙམ་བྱས་པ་དེར་ཡང“ཨ་མའི་ནུ་རིན་དགོས”ཟེར་ནས་བླངས་འགྲོ་བ་རེད། ད་དུང་ཁྱིམ་ཚང་ལ་དཔལ་འབྱོར་གྱི་ཡོང་སྒོ་ཉུང་ཙམ་ཡོད་ཚེ། ཐམས་ཅད་སྲམ་བྱུར་སོགས་རྒྱན་གོས་སྣ་ཚོགས་ལ་བསླད་པ་དང༌། དེ་སྒམ་དུ་མནན་ནས་འབུས་བརླག་རེག་བར་དུ་འཇོག དེ་དག་ཐམས་ཅད་ནི་ཕ་མ་ཁོ་རང་ཚོའི་གནས་སྐབས་ཀྱི་ལ་རྒྱ་དང་མཚན་སྙན་ཙམ་གྱི་ཆེད་དུ་ཡིན་པ་ལས། མི་རབས་རྗེས་མ་ཚོའི་འཚོ་གནས་དང་བདེ་སྐྱིད། མདུན་ལམ་བཅས་ལ་མཁོ་མེད་ཡིན་པར་མ་ཟད། “ཕྱི་རྫ་རི་སྨུག་པོ་དང་ནང་རྫ་ཁོག་སྐམ་པོ”ཞེས་པའི་ཕྱི་རྫིག་ནང་སྟོང་གི་དེ་ཉིད་ངོ་མའང་དམར་རྗེན་དུ་གསལ་སྟོན་བྱེད་ཀི་འདུག གནས་ཚུལ་འདི་དག་གི་སྟེང་ནས་ཀྱང༌། བོད་ཀྱི་ཁྱིམ་བདག་ཚོའི་བསམ་པའི་གོ་རྟོགས་དེ་འཛམ་གླིང་མི་རིགས་ཡོངས་དང༌། ཡང་ན་ཡི་གེ་ཡོད་པའི་མི་རིགས་ཀུན་གྱི་ཆེས་དམའ་རིམ་ན་འཕག་འཚག་བྱེད་ཀི་ཡོད་པ་མཐོང་ཐུབ་མོད་ཀྱང༌། ད་དུང་ཅི་ཞིག་ཤེས་མདོག་དང་ཡོད་མདོག་གིས་བག་གཡེང་དུ་འདུག་པ་ནི་གང་ནས་ཚིམས་པ་ཡིན་ནམ། ད་དུང་གནད་དོན་གཞན་ཞིག་ཡོད་པ་ནི། བོད་ཀྱི་ཁྱིམ་བདག་སྤྱི་ལ་གནས་པའི་སྤྱི་ཚོགས་སྣང་ཚུལ་ཞིག་སྟེ།  སློབ་སྦྱོང་གི་རྒྱུགས་འབྲས་རེད། བྱིས་པ་སློབ་གྲྭར་བསྐྱལ་བའི་ཁྱིམ་བདག་ཚང་མས་བྱིས་པའི་རྒྱུགས་འབྲས་ནི་བྱིས་པའི་སློབ་སྦྱོང་གི་ཚད་འཇལ་བྱེད་ཀྱི་ཚད་གཞི་ཉག་གཅིག་ཏུ་གྱུར་ཡོད། འོན་ཀྱང་ཤེས་དགོས་པ་ཞིག་ནི་བྱིས་པའི་རྒྱུགས་འབྲས་ཁོ་ནས་བྱིས་པའི་ཕྱོགས་ཡོངས་ལ་ཚད་འཇལ་བྱེད་པ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི། རྒྱུགས་འབྲས་ཀྱིས་བསླབ་དེབ་སྟེང་གི་ཤེས་བྱ་སློབ་སྦྱོང་བྱས་པའི་གནས་ཚུལ་སྤྱི་དང༌། ཡང་ན་བྱིས་པའི་ཡིད་འཛིན་གྱི་ནུས་པ་ཁོ་ན་མ་གཏོགས། བསམ་བློ་ཀུན་སྤྱོད་ཀྱི་སྤུས་ཚད་དང་ཚན་རིག་ལག་རྩལ་གྱི་བྱང་ཚད། ལུས་ཕུང་སེམས་ཁམས་ཀྱི་ཁྱད་ཆོས།  མཛེས་དཔྱོད་དང་ངལ་རྩོལ་ནུས་རྩལ། བསམ་གཞིགས་དང་གསར་བསྐྲུན་ནུས་ཤུགས་སོགས་སྤུས་ཚད་གང་མང་ཞིག་རྒྱང་འབུད་བྱས་འགྲོ་བ་རེད། ཡིན་ཡང་ཕ་མ་སྐོར་ཞིག་གིས་རྒྱུགས་འབྲས་ཞན་པའི་བྱིས་པ་རྣམས་ལ་ངལ་གསོ་བའི་དུས་ཚོད་ཙམ་ཡང་མི་སྟེར་བར། དཔེ་དེབ་སྟེང་གི་ཤེས་བྱ་དང་སྦྱང་གཞི་ཁོ་ན་འཛིན་པར་བྱེད། དེ་ལྟར་བྲོ་བ་གང་ཡང་མེད་པའི་བྱེད་ཐབས་དེས་བྱིས་པར་སྤྲོ་བ་བརྟས་པར་མི་འགྱུར་བར་མ་ཟད། དེ་ལས་ལྡོག་སྟེ་སློབ་སྦྱོང་ལ་སུན་སྣང་སྐྱེ་བཞིན་འདུག འོན་ཀྱང་ཡུ་ཧུ་དཱ་མི་རིགས་ཀྱིས་རང་གི་བྱིས་པར་སློབ་གསོ་གཏོང་སྐབས། སློབ་སྦྱོང་དང་རོལ་རྩེད། འཚོ་བ་བཅས་གཞི་གཅིག་ཏུ་སྦྲེལ་བར་བྱེད། དཔེར་ན། ཁོ་ཚོས་བྱིས་པར་འཚོ་བའི་ཁྲོད་ནས་སློབ་སྦྱོང་བྱེད་དུ་འཇུག་ལ། སློབ་སྦྱོང་གི་ཁྲོད་ནས་འཚོ་བའང་རོལ་དུ་འཇུག དེ་བཞིན་དུ་སློབ་སྦྱོང་གི་ཁྲོད་ནས་རོལ་རྩེད་མྱོང་དུ་འཇུག་ལ། རོལ་རྩེད་ཀྱི་ཁྲོད་ནས་སློབ་སྦྱོང་གི་བྲོ་མངར་ཀྱང་མྱོང་དུ་འཇུག  བྱེད་ཐབས་འདིས་བྱིས་པ་ཚོའི་སློབ་སྦྱོང་གི་འདུན་པ་དང་སྤྲོ་སྣང་སྤེལ་བར་བྱེད་པས། སུན་སྣང་དང་གནོན་ཤུགས་སོགས་ཀྱི་སེམས་བྱུང་རྣམས་རང་བཞིན་གྱིས་མཁའ་མཐའི་འཇའ་གཟུགས་བཞིན་ཡལ་འགྲོ་བ་རེད། གཞན་ཡང་དཔེ་དེབ་སྟེང་གི་ཡོད་ཚད་ཤེས་དགོས་པའི་ངེས་པ་མེད་དེ། དེ་ནི་འགྲོ་བ་མིའི་རིགས་ཀྱིས་ཡུན་རིང་བསགས་པའི་ཤེས་རིག་གི་ཉིང་བཅུད་ཡིན་པ་བདེན་ཡང༌།  བྱིས་པ་ཚོས་དེང་ལེན་བྱེད་མིན་དོན་དག་གཞན་ཞིག་རེད།  གལ་སྲིད་ལག་ལེན་གྱིས་སྟོངས་པའི་ཤེས་བྱ་དེས་བྱིས་པའི་འཚོ་གནས་ལ་ཤུགས་རྐྱེན་ངན་པ་གཏོང་སྲིད་པས་མ་ཤེས་ཀྱང་ཅི་སྐྱོན་སྙམ་པའང་བྱུང༌། དེ་བཞིན་དུ་ཁྱེད་ཀྱི་བྱིས་པ་བཟོ་སྐྲུན་མཁན་ཞིག་བྱེད་འདོད་ཡོད་ན་ཁྱེད་ཀྱིས་དེར་རོལ་མོ་ཁྲིད་པ་ལ་དགོས་པ་ཡོད་དམ་ཅི།  དེ་བཞིན་བྱིས་པ་རི་མོ་མཁན་ཞིག་བྱེད་འདོད་ཡོད་ཀྱང་ཁྱོད་ཀྱིས་དེར་ཞབས་བྲོའི་མན་ངག་བཤད་པ་ནི་རྒྱུ་འབྲས་གོ་ལྡོག་གི་ཆོས་སུ་མི་འགྲོའམ། དེ་བས་ཁྱིམ་བདག་གིས་བྱིས་པའི་དགའ་ཕྱོགས་ཏེ། ཁོ་རང་གིས་ཅི་ཞིག་བྱེད་འདོད་ཡོད་པའི་སེམས་འདུན་དང༌། ཡང་ན་བྱིས་པ་ཁོ་རང་མི་ཅི་འདྲ་ཞིག་བྱེད་འདོད་ཡོད་པའི་བསམ་ཚུལ་དེ་ཤེས་རྟོགས་བྱེད་རྒྱུ་ནི་གཙོ་བོ་ཡིན་པ་རེད། བྱིས་པ་རྣམས་ཚན་རིག་མཁན་ཞིག་བྱེད་འདོད་ཡོད་ཚེ། ཕ་མ་ཚོས་སྔ་མོ་ནས་བསམ་གཞིག་བྱེད་དགོས་ཚུལ་དང་དྲི་བ་མང་དུ་འདོན་པའི་ཕྱོགས་ལ་གཅུན་ན་ད་གཟོད་བསམ་དོན་གྱི་རི་མོ་འགྲུབ་པར་ངེས།  དེར་བརྟེན་ཨེན་སི་ཐན(艾恩思坦)གྱིས“ཁོ་བོས་བྱུང་ནས་ཚིག་མཛོད་དུ་བཀོད་པའི་ཤེས་བྱ་རྣམས་བློར་འཛིན་བྱས་མ་མྱོང”ཟེར། སྐད་ཆ་འདིའི་ཀློང་ནས་ཤེས་བྱ་ཐམས་ཅད་ལག་ལེན་ལས་བྱུང་བ་གསལ་བཤད་བྱས་ཤིང་དཔེ་དེབ་སྟེང་གི་ཤེས་བྱ་རྣམས་ལག་ལེན་བྱས་ནས་ཤེས་རྟོགས་བྱེད་དགོས་པའང་ཤེས་དགོས་བ་རེད། འོན་ཀྱང་སློབ་སྦྱོང་གི་རྒྱུགས་འབྲས་མི་བཟང་ཡང༌། འཛམ་གླིང་དུ་སྐད་གྲགས་ཀྱིས་ཆོད་པའི་མི་ཡང་མང་པོ་བྱུང་མྱོང་བ་སྟེ། ཨེ་ཏེ་ཧྲིན་(爱迪生)ནི་སློབ་གྲྭའི་ནང་རྒྱུགས་འབྲས་ཆེས་ཞན་པའི་བྱིས་པ་ཞིག་ཡིན་ཡང༌། ཁོས་རང་ཉིད་ཆེས་དགའ་བའི་གསར་གཏོད་ཀྱི་ལས་ལ་ཞུགས་ཤིང་མི་ཤེས་པའི་གནས་ཚུལ་ལ་ཡང་ཡང་བསམ་གཞིག་དང་དྲི་བ།  ལག་ལེན་བཅས་བྱས་སྟབས།  ད་གཟོད་གསར་བཏོད་མཁན་པོར་གྱུར་བའོ། །
  དེ་བས་བདག་གི་བསམ་པར། བོད་ཀྱི་ཁྱིམ་བདག་ཚོའི་བསམ་པའི་གོ་རྟོགས་ཇེ་མཐོར་མ་བཏང་བར་དུ། བོད་ཀྱི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་བྱིས་པའི་ཀུན་སྤྱོད་དང་འབྱུང་སྤུས། མི་གཞི་དང་མདུན་ལམ་བཅས་ལ་ཤུགས་རྐྱེན་བཟང་བོ་འཇོག་པའི་གོ་སྐབས་ཧ་ཅང་ཉག་ཕྲ་བས། མི་རིགས་གོང་འཕེལ་དང་སྤྱི་ཚོགས་དར་རྒྱས་ཀྱི་ རླབས་ཆེན་ལས་དོན་ལའང་ཤུགས་རྐྱེན་རབ་འབྲིང་ཐ་གསུམ་བཞག་དང་འཇོག་ངེས་ཡིན་པ་རེད། དེར་བརྟེན། རི་བོ་གངས་ཅན་པའི་ཁྱིམ་གྱི་ཕ་མ་ཚོའི་བསམ་པའི་གོ་རྟོགས་ཇེ་མཐོར་གཏོང་རྒྱུ་ནི་དུས་རབས་གསར་བ་དང་སྤྱི་ཚོགས་དགོས་མཁོ་ཡིས་སྤྲད་པའི་འོས་འགན་ཞིག་ཡིན་པར་འདོད་དོ། །

འཕྲིན་སྟེགས། weikangba

<