​སློབ་ཆུང་སློབ་མའི་རྩོམ་འབྲིའི་རྒྱུ་ཆ་འཚོལ་སྟངས་དང་རྩོམ་འབྲིའི་དཀའ་ངལ་སེལ་ཐབས་སྐོར་གླེང་བ།

2019-11-22
0

རྩོམ་ཡིག་འབྲི་རྒྱུ་ནི་ལོ་ཆུང་སློབ་མས་ཆེས་དཀའ་ངལ་ཆེ་ཤོས་སུ་བརྩི་བཞིན་ཡོད་ལ། ལྷག་དོན་དུ་ཞིང་ཁུལ་གྱི་སློབ་མའི་ངོས་ནས་བརྗོད་ན་ཤིན་ཏུ་དཀའ་བ་ཞིག་ཡིན་པ་སྨོས་མེད་རེད། གང་ལགསཤེ་ན་མི་ཚོགས་མང་ལ་འཁྲུག་ཆ་དོད་པོའི་གྲོང་ཁྱེར་གྱི་སློབ་མ་དང་བསྡུར་ན་ཁོ་ཚོའི་ལྟ་རྒྱ་མཐོང་རྒྱ་ཆུང་བ་ཡོད་པ་དང་། སློབ་གྲྭ་གནས་སའི་ཁོར་ཡུག་གྲོང་ཁྱེར་དུ་ཡོད་ཚེ་རྩོམ་འབྲིའི་རྒྱུ་ཆ་ཧ་ཅང་མང་པོ་ཡོད་པ་སྟེ་མིག་མངས་ལྟ་བུའི་སྣུམ་ནག་གཞུང་ལམ་དང་། འ་འུར་སྒྲ་ཡིས་ཁེངས་པའི་བཟོ་གྲྭ མྱུར་ཚད་མགྱོགས་ལ་བརྗོད་ཀྱིས་མི་ལངས་པའི་རླངས་འཁོར་ཆེ་འབྲིང་ཆུང་གསུམ། སྤྲོ་གསེང་ཁང་དང་། སྤྱི་གླིང་། རིག་གནས་ཐང་ཆེན། ཚོང་གྲོང་ཁང་ཆེན། དེ་བཞིན་ལས་རིགས་ཁག་གི་ལས་ཁུངས་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་གཞུང་ལས་ཁང་ཆེན་དང་སློབ་ཁྲིད་ཁང་ཆེན་སོགས་ཚང་མ་ནི་སློབ་ཕྲུག་གི་རྩོམ་འབྲིར་མཁོ་བའི་རྒྱུ་ཆ་ཡིན་ཞིང་། དེ་དག་གྲོང་གསེབ་ན་ཧ་ཅང་འཚོལ་དཀའ་བ་ཡོད། ཁོ་ཚོའི་རྩོམ་འབྲིའི་རྒྱུ་ཆ་ནི་རི་ཆུ་ཀླུང་གསུམ་གྱི་རང་བྱུང་ཁོར་ཡུག་ཁོ་ནར་ཟད། འདིར་ཞིང་གྲོང་གི་སློབ་ཆུང་སློབ་མའི་རྩོམ་འབྲིའི་རྒྱུ་ཆ་འཚོལ་སྟངས་དང་རྩོམ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་སེལ་ཐབས་སྐོར་རགས་ཙམ་གླེང་བར་བྱ།

དང་པོ། ལས་དང་པོ་རྩོམ་འབྲིར་ཇི་ལྟར་འཇུག་ཚུལ་སྐོར།

སློབ་ཆུང་ལོ་རིམ་དང་པོ་གཉིས་པའི་སློབ་མ་ཞིག་གི་ངོས་ནས་བཤད་ན། ཁོ་ཚོའི་ལས་འགན་གཙོ་བོ་ནི་བོད་ཡིག་གི་དབྱངས་གསལ་མགོ་འདོགས་སོགས་ཆེས་རྩ་བར་གྱུར་བའི་རྨང་གཞིའི་ཤེས་བྱ་དེ་དག་ཡིན་པས། དབྱངས་གསལ་གྱིས་གཙོ་བོར་བྱས་པའི་བོད་ཡིག་གི་རྨང་གཞི་ལེགས་པར་འདིང་དགོས། ལོ་རིམ་གསུམ་པ་བཞི་པའི་ལས་འགན་གཙོ་བོ་ནི་མིང་ཚིག་བརྗོད་པ་གསུམ་གྱི་ནང་དོན་སྐོར་གོམ་པ་རིམ་བགྲོད་ཀྱིས་སྦྱོང་བརྡར་སྤྲོད་དགོས་ལ། ཡི་གེའི་དག་ཆ་དང་ཡིག་གཟུགས་ལ་དོ་སྣང་བྱེད་དགོས། དགེ་རྒན་རང་ངོས་ནས་བརྗོད་ནའང་སློབ་གསོ་སློབ་ཁྲིད་ཀྱི་བྱ་རིམ་ཁྲོད་དུ་ཁོམ་པ་ཡོད་དུས་སློབ་མའི་བརྡ་དག་དང་ཡིག་གཟུགས་ལ་རང་དཔེ་གང་ཡོད་སྟོན་ནས་གཟུགས་སྣང་ལྡན་པའི་སློབ་ཁྲིད་དང་སྤྲོ་སྣང་ལྡན་པའི་དཔེ་མཚོན་ལ་བརྟེན་ནས་སློབ་མར་བོད་སྐད་ཡིག་གི་རྨང་གཞིའི་ཤེས་བྱ་རྣམས་སྦྱོང་འདོད་ཀྱི་བསམ་པ་སྐྱེད་སྲིང་བྱེད་དགོས། སློབ་ཆུང་ལོ་རིམ་ལྔ་པ་དྲུག་པ་ནི་སློབ་མ་ཚོས་བརྡ་དག་དང་མིང་ཚིག་བརྗོད་པ་སོགས་སྦྱངས་ཟིན་རྗེས་གཞི་ནས་སྟབས་བདེའི་རྩོམ་ཐུང་འབྲི་སྦྱོང་བྱེད་པའི་དུས་སྐབས་ཡིན་པས། དགེ་རྒན་གྱིས་མཛུབ་ཁྲིད་དང་སྣེ་ཁྲིད་གང་ཡག་བྱས་ཏེ་ཁོ་ཚོར་རྩོམ་ཡིག་འབྲི་བའི་རྒྱུ་ཆ་འཚོལ་རོགས་བྱེད་དགོས་པ་སྟེ་རང་བྱུང་ཁམས་སུ་གནས་པའི་ཆེ་བ་རི་རབ་ཁང་ཁྱིམ་དང་གཙང་པོ་ཆུ་བོ་ལ་སོགས་ནས་ཆུང་བ་རྩྭ་རྩི་ཤིང་མེ་ཏོག་དང་འབུ་སྲིན་ཡན་ཆད་ཀྱི་འགུལ་སྐྱོད་ཀྱི་རྣམ་པ་ལ་དངོས་སུ་མྱོང་རོལ་བྱེད་དུ་འཇུག་དགོས་ལ། རང་ཁྱིམ་དུ་གནས་པའི་སྒོ་ཕྱུགས་སེམས་ཅན་དང་། ཁྱི་དང་ཞི་མི། དེ་བཞིན་རང་ཉིད་ཀྱི་རྩེད་ཆས་སོགས་ལ་ལྟ་ཞིབ་ནན་ཏན་བྱེད་དུ་འཇུག་ནས་རྩོམ་འབྲིའི་རྒྱུ་ཆ་ཐོག་མར་འཚོལ་སྟངས་སྦྱོང་བརྡར་བྱེད་དགོས་པ་མ་ཟད། རྩོམ་ཡིག་ཐུང་ཐུང་དཔེར་ན་སྨྱུག་སྒམ་དང་། ཁྱི་ཕྲུག་དང་ཞི་མི། དྲིན་ཅན་ཕ་མར་ཕུལ་བའི་འཕྲིན་ཐུང་། དེ་བཞིན་སློབ་གྲྭའི་ཡུལ་ལྗོངས་སོགས་ལྟ་བུ་འབྲི་རུ་འཇུག་ནས་སྦྱོང་བརྡར་བྱེད་དགོས་ལ། དགེ་རྒན་ནས་བཟོ་བཅོས་ཚར་རྗེས་དཔྱད་གཏམ་ཐུང་ངུ་དཔེར་ན། ཧ་ཅང་ལེགས། ཅུང་ལེགས་སོགས་བྲིས་ནས་སློབ་མའི་རྩོམ་ཡིག་འབྲི་བའི་སྤྲོ་སྣང་དང་བསམ་པའི་ཀུན་སློང་སྐྱེད་སྲིང་བྱེད་དགོས། གལ་ཏེ་སློབ་མས་བྲིས་པ་དག་དེ་ཙམ་གྱིས་ལེགས་པར་མི་སྣང་རུང་དཔྱད་གཏམ་ཐོག་ཤིན་ཏུ་ཞན། ཧ་ཅང་ཞན་སོགས་མི་སྙན་པའི་དཔྱད་གཏམ་བྲིས་ན་ཁོ་ཚོའི་རྩོམ་ཡིག་འབྲི་སྦྱོང་བྱེད་པའི་དང་བ་དང་དགའ་བ་འདྲེན་མི་ནུས་པས། རྩོམ་ཡིག་ཁྲོད་ཀྱི་ལེགས་ཆ་བཙལ་ནས་སྤྲོ་སྣང་སྐྱེད་སྲིད་བྱེད་པའི་དཔྱད་གཏམ་འབྲི་རྒྱུར་ཡིད་འཇོག་བྱེད་དགོས།

གཉིས་པ། རྩོམ་འབྲིར་མཁོ་བའི་མིང་ཚིག་གསོག་འཇོག་བྱེད་ཐབས།

མིང་ཚིག་ནི་རྩོམ་ཡིག་འབྲི་རྒྱུར་མཁོ་བའི་ཆེས་རྨང་གཞིའི་རྒྱུ་ཆ་ཡིན་པས། ན་ཆུང་སློབ་མ་རྣམས་ཀྱིས་ཕྱོགས་གང་ཅིའི་ཐད་ནས་དེའི་སྐོར་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་སྟེ། དང་ཐོག་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་གི་མིང་དང་སྒོ་ཕྱུགས་སེམས་ཅན་གྱི་རང་གཤིས་སོགས་གང་རུང་ལ་ཉམས་ཞིབ་ཤེས་རྟོགས་བྱེད་པ། གཞན་ཡང་དཔེ་དེབ་ཐོག་ནས་དེའི་སྐོར་གྱི་ཤེས་བྱ་གང་མང་འཚོལ་བསྡུ་བྱེད་དགོས། ཁ་རྒྱུན་དུ་ཐིགས་པ་བསགས་པས་རྒྱ་མཚོ་ཞེས་པ་ལྟར། སློབ་མ་རྣམས་ཀྱི་འཚོ་བའི་ཁྲོད་དུ་མིང་ཚིག་གང་མང་གསོག་འཇོག་བྱེད་དགོས་པ་གང་ཞིག་དེ་དག་གི་མིང་འདོགས་སྟངས་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་བརྟག་དཔྱད་དང་ཞིབ་འཇུག་མང་ཙམ་བྱས་ཏེ་ཕྲ་ཞིབ་ཀྱི་མིང་ཚིག་བསྡུ་ལེན་བྱ་རྒྱུ་ནི་གལ་ཆེ་ཤོས་སུ་མཐོང་བས། དུས་དང་རྣམ་པ་ཀུན་ཏུ་གཞན་གྱི་སྐད་ཆ་ཉན་པ་དང་། རྩོམ་དེབ་ཆེ་ཆུང་སྣ་ཚོགས་བལྟས་ནས་རང་ཉིད་ལ་དགོས་མཁོ་ཆེ་བའི་མིང་ཚིག་རྣམས་བློ་ལ་བརྟན་པོར་ངེས་དགོས་པ་མ་ཟད། ཟིན་བྲིས་བཀོད་དེ་དུས་ཁོམ་ཡོད་ཚད་དུ་ཞིབ་ལྟ་བྱེད་དགོས། རྩོམ་ཡིག་འབྲི་བར་མིང་བརྡ་གསོག་འཇོག་མཐའ་འཁྱོངས་དང་རྒྱུན་མཐུད་སྒོ་ནས་སྦྱོང་བརྡར་བྱ་རྒྱུ་དེ་གལ་གངས་ཤིན་ཏུ་ཆེ། དེས་ན་སློབ་མ་ཚོས་དུས་དང་རྣམ་པ་ཀུན་ཏུ་དེའི་ཐད་འབད་བརྩོན་བྱེད་དགོས་ཏེ། རྩོམ་ཡིག་འབྲི་རྒྱུ་ནི་སྟབས་བདེའི་བྱ་བ་ཞིག་གཏན་ནས་མ་ཡིན། དེ་བས་ཞིང་ཁུལ་གྱི་སློབ་ཆུང་སློབ་མ་རྣམས་གྲོང་ཁྱེར་གྱི་སློབ་མ་དང་མི་འདྲ་བའི་ཁོར་ཡུག་གི་ཚད་བཀག་ཧ་ཅང་ཆེན་པོ་ཡོད་དེ། རྒྱུན་དུ་མིག་ལམ་དུ་འཆར་བ་ནི་རང་ཉིད་འཚོ་གནས་བྱེད་སའི་རང་བྱུང་ཁོར་ཡུག་སྟེ། རི་ཆུ་དང་རྩྭ་རྩི་ཤིང་། ཞིང་ནང་གི་ལོ་ཏོག སློབ་གྲྭའི་ཁོར་ཡུག་ཙམ་ལས་དྲ་བ་སོགས་དེང་དུས་ཀྱི་གསར་འགྱུར་འགྲེམས་སྤེལ་གྱི་ཐབས་ལམ་གསར་པ་མཐོང་རྒྱུ་ཆེས་ཉུང་ཉུང་ཡིན་པས། རྨང་གཞི་བཟང་པོའི་རྩོམ་ཡིག་ལ་མཁོ་བའི་མིང་ཚིག་གསར་པ་རྙེད་དཀའ་བས་དགེ་རྒན་གྱིས་སློབ་ཁྲིད་ཀྱི་བྱ་རིམ་ཁྲོད་དུ་ཁོ་ཚོར་མཛུབ་མོས་རི་མོ་སྟོན་པ་ལྟར་མིང་ཚིག་འཚོལ་རོགས་དང་གསོག་འཇོག་བྱེད་སྟངས་ཐད་སྣེ་ཁྲིད་ཀྱི་ནུས་པ་མང་ཙམ་འདོན་སྤེལ་བྱེད་དགོས་པ་མ་ཟད། ཐབས་ལམ་གསར་པ་མང་ཙམ་གཏོད་རྒྱུ་ནི་དགོས་གལ་ཆེ།

གསུམ་པ། སློབ་ཕྲུག་གི་སློབ་གཞིའི་སྟེང་གི་རྩོམ་ཡིག་ལྟ་ཀློག་གི་ནུས་པ་ཇི་ལྟར་གསོ་སྐྱོང་བྱེད་ཚུལ།

སློབ་མས་རྩོམ་ཡིག་ལྟ་ཀློག་བྱ་རྒྱུ་ནི་རང་ཉིད་ཀྱི་གསར་རྩོམ་གྱི་ནུས་པ་གོང་མཐོར་གཏོང་ཆེད་ཡིན་པས། དགེ་རྒན་གྱིས་ན་ཆུང་སློབ་མ་ཚོར་སྒྲུང་ཐུང་ཁ་ནས་བཤད་པ་དང་སློབ་གཞིའི་ཐོག་ཏུ་ཡོད་པའི་སྒྲུང་ཐུང་དཔེར་ན། 《སྐུ་ཞབས་ཏུང་ཀོ་དང་སྤྱང་ཀི》དང་། 《རི་བོང་ཅལ་འདྲོག》 《གླང་ཆེན་རྒྱ་མར་འདེགས་པ》 《ཁ་དོག་མཛེས་པའི་བྱ་ཕོ》ཞེས་པ་སོགས་དཔེ་མཚོན་རང་བཞིན་ལྡན་པའི་བརྩམས་ཆོས་ཁག་གཟའ་འཁོར་རེ་ས་མོས་ཀྱིས་བཀོད་སྒྲིག་བྱས་ཏེ་དང་ཐོག་ཁོ་ཚོའི་སློབ་ཚན་ཉན་སེམས་དང་དཔེ་དེབ་ལྟ་བའི་བསམ་པའི་ཀུན་སློང་སྐྱེད་སྲིང་བྱེད་དགོས། རྩོམ་ཡིག་འབྲི་ཀློག་ཉན་གསུམ་གྱི་ནུས་རྩལ་མཐོར་འདེགས་བྱུང་ན་གཞི་ནས་འབྲི་བྱའི་རྩོམ་ཡིག་ཁག་བཀོད་སྒྲིག་བྱེད་པ། ཕུལ་བྱུང་དཔེ་མཚོན་གྱི་རྩོམ་ཡིག་ངག་ཟིན་བྱེད་དུ་འཇུག་རྒྱུ་དང་ངག་ཟིན་གྱི་ནུས་པ་ཆེ་ཙམ་ཆགས་རྗེས་གཞི་ནས་གཞན་གྱིས་བྲིས་པའི་རྩོམ་ཡིག་ལྟ་ཀློག་གི་ནུས་པ་སོགས་གསོ་སྦྱོང་བྱེད་དགོས། དེ་བཞིན་ལོ་རྒྱུས་དངོས་ཀྱི་ནང་དུ་ཐོན་པའི་གྲགས་ཅན་མི་སྣ་ངོ་སྤྲོད་བྱེད་པའི་རྩོམ་ཡིག་ཁག་གཅིག་ལྟ་ཀློག་བྱེད་དུ་འཇུག་དགོས་པ་མ་ཟད། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་དགེ་རྒན་གྱིས་མིང་ཚིག་རེ་རེ་ནས་མགོ་བརྩམས་ཏེ་ཚིག་དུམ་དང་། བརྗོད་པ། དུམ་མཚམས་དབྱེ་ཞིབ་སོགས་ཕྲ་ཞིང་ཞིབ་པའི་སྒོ་ནས་དབྱེ་ཞིབ་ནན་ཏན་བྱས་ཏེ་གོམ་པ་རིམ་བགྲོད་ཀྱིས་སློབ་མ་ཚོར་རྩོམ་ཡིག་ལྟ་ཀློག་གི་གོམས་གཤིས་འཇགས་རྒྱུ་དོན་མི་ཟའོ།

དེ་བཞིན་སློབ་ཕྲུག་རྣམས་ཚོགས་ཆུང་ཁག་བགོས་ཏེ་ཁོ་ཚོས་བྲིས་པའི་རྩོམ་ཡིག་ཐུང་ངུ་ཁག་གཅིག་ཕན་ཚུན་བརྗེས་ནས་ལྟ་ཀློག་བྱེད་དུ་བཅུག་ན། ཕྱོགས་ཡོང་ནས་འཕེལ་རྒྱས་འགྲོ་རྒྱུར་ཕན་ནུས་ངེས་ཅན་ཐོན་སྲིད་པས་དེར་དགེ་རྒན་གྱིས་ཤུགས་སྣོན་མང་ཙམ་རྒྱག་དགོས། དེ་ཡང་ཞིང་ཁུལ་གྱི་སློབ་མའི་རྩོམ་ཡིག་ཀློག་སྦྱོང་དང་རྒྱུ་ཆ་འཚོལ་ཐབས་ལ་སྤྲོ་སྣང་སྐྱེ་བའི་ཀུན་ཀློང་ཐད་སྤྱིར་གྲོང་གསེབ་ཀྱི་ཁོར་ཡུག་གི་ཆ་རྐྱེན་ཅུང་ཞན་ཞིང་འགྲིམ་འགྲུལ་སྟབས་བདེ་མེད་པས་སློབ་མར་རྩོམ་འབྲིའི་རྒྱུ་ཆ་ཡང་ཅུང་དཀོན་པའི་སྣང་བ་ཡོད། དེར་བརྟེན་སློབ་དེབ་ནང་གི་བརྩམས་ཆོས་འགའ་ལྟ་ཀློག་བྱས་རྗེས་ནང་དོན་ལ་གོ་བ་ལོན་ཐབས་དང་རྒྱུ་ཆ་གང་ནས་བྲིས་མིན་རྟོག་ཞིབ་དང་དགེ་རྒན་ལ་བཅར་འདྲི་བྱ་རྒྱུ་གལ་ཆེ་བས་དགེ་རྒན་གྱིས་ཀྱང་སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་རྩོམ་འབྲིའི་རྒྱུ་ཆ་འཚོལ་ཐབས་ལ་སྦྱོང་བརྡར་བྱ་རྒྱུ་ནི་གཙོ་ཆེར་སྙམ།

(གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྒ་གདོང་སློབ་ཆུང་གི་སྤེན་པ་བུ་ཁྲིད)


  • 顶 0