མཐུན་པ་སྤུན་བཞི།

2016-09-08
  
  སྔོན་ཝཱ་ར་ཎཱ་སིའི་རྒྱལ་པོ་ཚངས་སྦྱིན་གྱི་དུས་སུ།  སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་བྱ་སྲེག་པ་ཞིག་གི་སྐྱེ་བ་བཞེས་ཏེ་ནགས་ཚལ་ཆེན་པོ་ཞིག་གི་མཐར་གནས་སོ།།   དེར་སྤྲེའུ་ཞིག་དང་།  རི་བོང་ཞིག་གླང་ཆེན་བཅས་གནས་པ་ཐམས་ཅད་ཀྱང་ཕན་ཚུན་འཚེ་བ་མེད་པར།  བཅུད་ལྡན་གྱི་ཤིང་འབྲས་དང་།  མ་རྨོས་པའི་ལོ་ཏོག  རང་བྱུང་ཡན་ལག་བརྒྱད་ལྡན་ལ་སོགས་པར་གང་དགར་ལོངས་སྤྱོད་ཅིང་མཛའ་བར་གནས་པར།  ཉིན་ཞིག་ཁོང་བཞི་བགྲོས་ནས། འུ་ཅག་ཕན་ཚུན་བརྩེ་བཞིན་དུ་ཡུན་རིང་འགྲོགས་ཀྱང་རྒན་གཞོན་དང་བཀུར་བྱ་བཀུར་བྱེད་ཀྱི་དབྱེ་བ་མེད་མོད།  ད་ནི་རྒན་ལ་རིམ་གྱིས་བཀུར་བ་བྱའོ་ཞེས་རྒན་གཞོན་གྱི་དབྱེ་བ་འབྱེད་ཐབས་གྲོས་བསྡུར་མཐར།  དེར་སྐྱེས་པའི་ཤིང་ནྱ་གྲོ་དྷའི་སྡོང་བོ་ཆེ་བ་ཞིག་ལ་ཚད་བྱས་པས།  གླང་ཆེན་ན་རེ།  ང་གཞོན་དུས་སུ་ཤིང་སྡོང་འདི་ངའི་ལུས་དང་མཉམ་པར་དྲན་ཟེར།  སྤྲེའུས་བདག་ཀྱང་དྲན་དུས་ཤིང་འདི་ཆུང་བས་བདག་གི་ལུས་དང་མཉམ་ཟེར།  རི་བོང་གིས་ངས་དྲན་དུས་འདབ་མ་གཉིས་སོར་ལྔ་ཙམ་ཡོད་པ་དེ་ལ་ཟིལ་བ་མངར་མོ་ཆགས་པ་དེ་བདག་གིས་མྱངས་ཟེར།  བྱ་སྲེག་པ་ན་རེ།  ཤིང་སོན་ས་ལ་ཡོད་པའི་སྟེང་བདག་གི་གཅིན་དོར་བ་ལ་བརྟེན་ནས་ཤིང་སྡོང་འདི་སྐྱེས་སོ་ཟེར་བས་གཏམ་དེ་རྣམས་ཀྱིས་རྒན་གཞོན་གྱི་གོ་རིམ་ཤེས་ཏེ།  རྒན་རིམ་ལ་གཞོན་རིམ་གྱིས་བསྙེན་བཀུར་དང་གུས་འདུད་བྱེད་ཅིང་།  ཁོང་བཞིའི་ནང་ནས་རྒན་པ་བྱ་སྲེག་པས་གཞན་གསུམ་ལ་སྤང་བླང་གི་གནད་ཡང་དག་པ་བསྟན།  ཐམས་ཅད་ཀྱང་ཇི་ལྟར་བསྟན་པ་བཞིན་བསྒྲུབས་ཤིང་ཡིད་གཅུགས་པར་གནས་སོ།།  དེའི་བསོད་ནམས་ཀྱི་མཐུས་ཡུལ་ཁམས་ཀུན་ཏུ་བདེ་ཞིང་ཚེ་བསོད་དཔལ་འབྱོར་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་གོང་ནས་གོང་དུ་འཕེལ་བར་གྱུར་ཏོ།།
  གོང་གི་རྣམ་ཐར་མཚོན་བྱེད་ལ།  རྒྱལ་ཁབ་བདེ་ཞིང་ལས་བཞི་དགེ་བའི་རྟེན་འབྲེལ་དུ།  ཡུལ་ལྗོངས་ཉམས་དགའ་བར་ནྱ་གྲོ་དྷའི་ཤིང་སྟེ་ཤིང་སྡོང་འདབ་མ་རྒྱས་པ་ཞིག་གི་མདུན་ས་ན།  གླང་པོ་ཆེ་སྟོབས་དང་ལྡན་པ།  དེའི་སྟེང་དུ་སྤྲེའུས་ཤིང་ཏོག་འཛིན་པ།  དེའི་སྟེང་དུ་རི་བོང་།  དེའི་སྟེང་བྱ་སྲེག་པ་བཅས་འོག་ནས་གོང་དུ་རིམ་པར་བཀུར་བའི་ཚུལ་དུ་གནས་པ་ཞིག་འབྲི་སྲོལ་ཡོད་པ་དེའོ།།
<