དགེ་ལྡན་བསྟན་པ་རྒྱས་པའི་སྨོན་ལམ་གྲུབ་པའི་བདེན་ཚིག་གི་འགྲེལ་པ་བཞུགས་སོ། །

2016-09-09

  ༄༅། །རྒྱལ་སྲས་སྨོན་ལམ་ཀླུང་བརྒྱ་འཁྱིལ་བའི་བཅུད། །  

  རྒྱལ་བསྟན་སྙིང་པོ་སྤེལ་བའི་སྨོན་པའི་འབྲས། ། 

  ཇི་བཞིན་འགྲུབ་ཕྱིར་བླ་མ་མཆོག་གསུམ་ལ། །  

  འདུད་དོ་བསླུ་མེད་བདེན་ཚིག་ཤིས་པས་སྐྱོངས། ། 

 དེའང་དགེ་ལྡན་ལུགས་བཟང་སྤེལ་བའི་སྨོན་ཚིག་འདི་ཉིད་ཀྱི་དོན་མདོ་ཙམ་འཆད་པ་ལ་རྒྱུ་ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད་པ། ངོ་བོ་ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད་པ། གྲོགས་ཕུན་སུམ་ཚོགས་པའི་བདེན་ཚིག་བརྗོད་པ་གསུམ། 

  དང་པོ་ལའང་གསུམ་ལས། 

  རྒྱལ་བ་མ་ལུས་སྐྱེད་པའི་ཡབ་གྱུར་ཀྱང་། །  

  རྒྱལ་སྲས་ཚུལ་གྱིས་ཞིང་ཁམས་རབ་འབྱམས་སུ། །  

  རྒྱལ་བའི་ཆོས་འཛིན་ཐུགས་བསྐྱེད་བདེན་པའི་མཐུས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། 

 དུས་གསུམ་གྱི་རྒྱལ་བ་ཐམས་ཅད་སློབ་བའི་གནས་སྐབས་སུ་མགོན་པོ་འཇམ་དབྱངས་ཀྱིས་བཤེས་གཉེན་མཛད་དེ་སངས་རྒྱས་ཚུལ་མདོ་སྡེ་དུ་མ་དང་། འཇུག་པ་རང་འགྲེལ་སོགས་སུ་གསུངས་ལ། བཅོམ་ལྡན་འདས་མངོན་པར་འཚང་རྒྱ་བའི་ཚེ་བདུད་བཏུལ་བ་ལའང་འདིའི་མཐུ་ཡིན་པར་དམར་ནག་གི་རྒྱུད་གཉིས་ག་ལས་གསུངས། མདོར་ན་ཐབས་བདེ་ཆེན་གྱི་རོལ་པས་ཚུལ་དེ་ལྟར་སྟོན་པའི་ཡབ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་དུ་གྱུར་པས་རྒྱལ་བའི་ཡུམ་དང་། ཞིང་རབ་འབྱམས་སུ་ཟབ་མོའི་ལྟ་བ་གཙོར་གྱུར་གྱི་གསུང་གི་མཛོད་འཛིན་པས་སྲས་སུ་གྱུར་པ་སློབ་དཔོན་ཞི་བ་ཡེ་ཤེས་ཀྱིས་གསུངས་པ་ལྟར་ཡིན་པས། ཕྱོགས་བཅུ་དུས་གསུམ་ཀུན་ཏུ་ལྷུན་གྱིས་གྲུབ་པའི་ཐུགས་བསྐྱེད་འཕྲིན་ལས་ཀྱི་བདེན་པ་དེས་ཞིང་འདིར་ཡང་བསྟན་པའི་སྙིང་པོ་རྒྱས་པར་སྨོན་པའོ། ། འདི་ནི་ངེས་དོན་ཐུན་མོང་མ་ཡིན་པ་ཡིན་ཞིང་། དྲང་དོན་ཚུལ་བསྟན་གྱི་རིམ་པར་ཡང་གདུལ་བྱའི་བློ་ཚོད་ཀྱིས་ཐུན་མོང་མ་ཡིན་པ་དང་ཐུན་མོང་བ་གཉིས་སུ་ཡོད་པའི་སྔ་མ་ནི། 

  སྔོན་ཚེ་དབང་པོའི་ཏོག་གི་ན་སྔ་རུ། ། 

  དམ་བཅས་ཚེ་ན་སྙིང་སྟོབས་ཆེན་པོ་ཞེས། །  

  སྲས་བཅས་རྒྱལ་བས་བསྔགས་བརྗོད་བདེན་པའི་མཐུས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། 

  ཀླུ་སྒྲུབ་ཀྱིས་མདོ་ཀུན་བཏུས་སུ་གསུངས་པ་བཞིན་རྒྱལ་བ་དབང་པོའི་ཏོག་བསྐལ་བ་དཔག་མེད་ཀྱི་སྔོན་ནས་བྱུང་བ་ཡིན་ལ། དེའི་འཁོར་དུ་རྗེ་བཙུན་འཇམ་དབྱངས་དང་རྗེ་བླ་མས་བྱང་སེམས་འཇམ་དབྱངས་ཀྱི་སློབ་མར་གྱུར་པ་ཞིག་གི་ཚུལ་ཡང་བཟུང་སྟེ་སྔགས་དང་དབུ་མའི་ལྟ་བ་ཟུང་དུ་འབྲེལ་པའི་བསྟན་པའི་སྙིང་པོ་སྤེལ་བར་དམ་བཅས་པ་ན་རྒྱལ་བ་སྲས་བཅས་ཀྱིས་ཆེད་དུ་བསྔགས་པ་མདོ་དང་རྒྱན་གྱི་བསྟོད་བཀུར་བསྔགས་གསུམ་ལྟ་བུ་མཛད་པའི་བདེན་ཚིག་གི་སྟོབས་ཀྱིས་བསྟན་པ་རྒྱས་པར་སྨོན་པའོ། །  

  གསུམ་ཕ་དྲང་དོན་ཐུན་མོང་བ་ནི།  

  ལྟ་སྤྱོད་གཙང་མའི་བརྒྱུད་པ་སྤེལ་བའི་ཕྱིར། །  

  ཐུབ་པའི་དྲུང་དུ་ཤེལ་དཀར་འཕྲེང་བ་ཕུལ། །  

  ཆོས་དུང་གནང་ཞིང་ལུང་བསྟན་བདེན་པའི་མཐུས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། 

 བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་གཙངནང་གཙང་པདྨའི་སྦུབས་ལྟ་བུའི་སྲོལ་དབྱེ་བའི་རྟེན་འབྲེལ་དུ་སྟོན་པའི་དུས་བྲམ་ཟེ་ཁྱེའུར་གྱུར་པས་ཤེལ་དཀར་གྱི་ཕྲེང་བ་བརྒྱ་རྩ་གཅིག་ཕུལ། དེ་ཕྱིས་བསྙེན་པར་རྫོགས་པ་དགེ་སློང་པདྨའི་ངང་ལྡན་ལ་མ་དྲོས་བས་ཕུལ་བའི་ཆོས་དུང་གནང་ཞིང་འགོག་པ་རིར་གཏེར་དུ་སྦས་ན་དགའ་ལྡན་གྱི་ཚོགས་དུང་དུ་འགྱུར་བར་ལུང་བསྟན་ཚུལ་ལང་གཤེགས་རྒྱ་ནག་གི་འགྱུར་ལས་གསུངས། འཇམ་དཔལ་རྩ་རྒྱུད་དུའང་རྗེའི་མཚན་དང་མཛད་པ། དེ་ཚེ་དགོན་ཆེན་རབ་དགའ་བ། ཞེས་སོགས་ཀྱིས་དགོན་གནས་གྲུབ་མཐའ་དང་བཅས་པ་ལུང་བསྟན་ཏེ་གསུང་གིས་བྱིན་གྱིས་བརླབས་ཤིང་ཐུགས་ཀྱི་དགོངས་པ་གཏད་པའི་བདེན་པས་བསྟན་པ་རྒྱས་པར་སྨོན་པའོ། ། 

 གཉིས་པ་ངོ་བོ་ཕུན་སུམ་ཚོགས་པའི་བདེན་ཚིག་ལ་གསུམ་མཚན་གཉིས། བཞི་ཚན་གཅིག ། གཉིས་ཚན་གསུམ་སྟེ་དྲུག་པས། 

  དང་པོ་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་བ་ནི  

  ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། ། 

  སྒོམ་པ་རྣམ་དག་བྱིང་རྨུག་མུན་པ་སངས། །  

  སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་བསྒྲུབས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །  

  འདི་ནི་བརྡ་སྦྱོར་ཚུལ་ཙམ་ལས་དོན་ནི་ཤེས་རབ། ཏིང་ངེ་འཛིན། ཚུལ་ཁྲིམས་ཀྱི་བསླབ་པ་གསུམ་ཡིན། དགག་བྱ་ཁྱད་པར་གསུམ་ལྡན་ལྟ་བུ་ཁྱབ་ཆུང་བ་མ་ཡིན་པས་རྟག་མཐའ་ལས་གྲོལ། གཞན་ངོ་ཙམ་དུ་བསྐྱལ་ཏེ་དོན་ལ་ཅི་ཡང་མེད་པར་འཛིན་པའི་དགག་བྱ་ཁྱབ་ཆེ་བ་ལྟ་བུ་མ་ཡིན་པས་ཆད་མཐའ་ལས་གྲོལ་ཏེ། མཐའ་བྲལ་དབུ་མའི་ལྟ་བ་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་ལྟ་བ་དང་། སྒོམ་ཡང་བྱིང་རྨུག་སོགས་ཇི་བཞིན་མ་ཕྱད་པས་གློད་རབ་ལ་སྒོ་མར་བ་ཅེས་བྱིང་བ་བསགས་པ་ལྟ་བུ་མ་ཡིན་པར་ཏིང་ངེ་འཛིན་སྐྱོན་མེད་སྒྲུབ་ཚུལ་དབུས་མཐའ་དང་ས་སྡེ་ཇི་ལྟ་བ་དང་། དགག་སྒྲུབ་གནང་བའི་མཚམས་རྒྱལ་བ་རང་ཉིད་ཀྱིས་གང་གསུངས་པ་ལྟར་བྱེད་ཀྱི་གོ་ལོགས་སུ་མི་བྱ་བ་སྡོམ་གསུམ་རབ་དབྱེར་གསུངས་པ་ལྟ་བུ་ཡིན་པས་བསླབ་པ་གསུམ་གྱིས་བསྡུས་པའི་རྟོགས་པའི་བསྟན་པའི་སྙིང་པོ་དེ་ཉིད་རྒྱས་པར་སྨོན་པའོ། ། 

  གཉིས་པ་མཁས་བཙུན་བཟང་གསུམ་ལ་སྦྱར་བ་ནི། ། 

  མང་དུ་ཐོས་པ་རྒྱ་ཆེར་བཙལ་བས་མཁས། ། 

   ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་བས་བཙུན། །  

  ཀུན་ཀྱང་བསྟན་འགྲོའི་དོན་དུ་བསྔོ་བས་བཟང་། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །  

 སྡེ་སྣོད་གསུམ། རྒྱུད་སྡེ་བཞི། རིག་པའི་གནས་ལང་མཐའ་དག་ལ་ཞིབ་ཏུ་སྦྱངས་བས་མཁས་པ། གང་ཤེས་རྒྱུད་ལ་སྦྱར་ཏེ་བསླབ་པ་གསུམ་གྱི་སྒོ་ནས་དུལ་ཞིང་ཞི་ལ་ཉེ་བར་ཞི་བས་བཙུན་པ། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གང་གིས་ཀྱང་མ་བསླད་པར་མཁའ་ཁྱབ་ཀྱི་བསྟན་འགྲོའི་དོན་དུ་བསྒྱུར་ཚུལ་གསུང་ཐོར་བུར་འབྱུང་བ་ལྟར་ཡིན་པས་བཟང་བ་སྟེ་དེ་ལྟ་བུའི་རྣམ་པར་ཐར་པ་རྗེ་བླ་མ་རང་ཉིད་དང་། དེའི་སྲོལ་རྗེས་འཇུག་བུ་སློབ་རྣམས་ཀྱིས་བསྐྱངས་པའི་བདེན་པའི་མཐུས་བསྟན་པ་རྒྱས་པར་སྨོན་པའོ། ། 

  གསུམ་པ་ཆེ་བ་བཞི་དང་སྦྱར་བ་ནི།  

  དྲང་ངེས་གསུང་རབ་མ་ལུས་འགལ་མེད་དུ། ། 

  གང་ཟག་གཅིག་གི་ཉམས་ལེན་གདམས་པ་རུ། །  

  ངེས་པ་རྙེད་པས་ཉེས་སྤྱོད་མཐའ་དག་འགགས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །  

 དྲང་ངེས་ཀྱི་གསུངས་རབ་སྒྲས་ཟིན་མི་མཐུན་ཡང་གདུལ་བྱའི་དབང་གིས་ཡིན་པས་དོན་འགལ་བ་མེད་པ་དང་། དེ་ཐམས་ཅད་གང་ཟག་གཅིག་ལའང་སྔ་ཕྱིར་ཉམས་ལེན་དུ་འཁྱེར་དགོས་པའི་གདམས་པར་འཆར་བ་དང་། ཐབས་སྣ་ཚོགས་ཀྱིས་འབྲས་བུ་མཐར་ཐུག་ཏུ་བཀྲིབས་དགོངས་པ་རྙེད་པ་དང་། དེའི་མཐུས་ཐེག་པ་གསུམ། མདོ་སྔགས་གཉིས་སོགས་རིས་སུ་བཅད་པའི་ཆོས་སྤོང་གི་ལས་རྣམ་པར་འཐག་པ་ཐམས་ཅད་བསྡུས་པར་གསུངས་པ་ལྟ་བུའི་ཉེས་སྤྱོད་ཆེན་པོ་བགག་པ་སྟེ། ཆེ་བ་བཞི་ནི་བྱང་ཆུབ་ལམ་རིམ་ལ་དངོས་སུ་གསུངས་ཤིང་། དོན་ལན་དེ་བྱན་ཚུད་པ་ཞིག་གིས་བློ་མིག་ཡངས་པོར་ཕྱེ་སྟེ་བལྟས་ན་རྗེའི་གསུང་ཐམས་ཅད་ཚང་བས་བསྟན་པ་ཁྱད་པར་དུ་འཕགས་པ་དེ་ལྟ་བུ་རྒྱས་པར་སྨོན་པའོ། །  

  བཞི་པ་བཤད་སྒྲུབ་གཉིས་སམ་མཁས་གྲུབ་ཀྱི་ཡོན་ཏན་གཉིས་ལ་སྦྱར་བ་ནི།  

  ལུང་ཆོས་སྡེ་སྣོད་གསུམ་གྱི་འཆད་ཉན་དང་། །  

  རྟོགས་པའི་བསྟན་པ་བསླབ་གསུམ་ཉམས་ལེན་ཏེ། །  

  མཁས་ཤིང་གྲུབ་པའི་རྣམ་ཐར་རྨད་དུ་བྱུང་། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། 

 རྣམ་པར་བཤད་པའི་སྒོ་བསྡུ་བ་དང་། རྣམ་བཤད་རིག་པ་གསུངས་བ་ལྟ་བུ་བསྟན་པའི་རྨང་གཞིར་འགྱུར་ངེས་པའི་འཆད་ཉན་གྱི་སྒོ་ནས་ལུང་གི་བསྟན་པ་འཛིན་པ་དང་། ལུང་སྡེ་སྣོད་གསུམ་གྱི་བརྗོད་དོན་ལམ་བསླབ་པ་གསུམ་པོ་ཉམས་སུ་བླངས་ཏེ་ཚུལ་བཞིན་སྒྲུབ་བའི་སྒོ་ནས་རྟོགས་པའི་བསྟན་པ་འཛིན་པ་སྟེ་རྒྱལ་བའི་བསྟན་པ་འཛིན་པའི་ཚུལ་དེ་གཉིས་སུ་ངེས་པར་མཛོད་ལས་གསུངས་པ་ཇི་ལྟ་བ་བཞིན་ཕྱག་ལེན་དུ་ཐེབས་བས་མཁས་གྲུབ་གཉིས་འཛོམ་གྱི་རྣམ་ཐར་དང་བསྟན་པའི་བྱ་བ་དེ་ཉིད་དར་ཞིང་རྒྱས་པ་སྨོན་པའོ། །  

  ལྔ་པ་མདོ་སྔགས་གཉིས་ལ་སྦྱར་བ་ནི།།  

  ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །  

  ནང་དུ་རིམ་གཉིས་རྣལ་འབྱོར་གདང་དང་ལྡན།  

  མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། 

  བློ་བཟང་སྔགས་ཀྱི་ཉམས་ལེན་ཟབ་མོས་ས་ལམ་གྱི་བགྲོད་པ་མྱུར་བ་སྟེ་རང་གཞན་མཐའ་དག་གི་དོན་དུ་འགྱུར་བས་བསྟན་པ་ཡོངས་རྫོགས་ཀྱི་སྲོལ་བཟང་རྒྱས་པར་སྨོན་པའོ། ། 

  དྲུག་པ་བདེ་སྟོང་གཉིས་ལ་སྦྱར་བ་ནི།  

  རྒྱུ་ཡི་ཐེག་པར་བཤད་པའི་སྟོང་པ་ཉིད། །  

  འབྲས་བུའི་ཐབས་ཀྱིས་སྒྲུབ་པའི་བདེ་ཆེན་དང་། །  

  མཉམ་སྦྱོར་ཆོས་ཕུང་བརྒྱད་ཁྲིའི་སྙིང་པོའི་བཅུད། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །  

  དབང་མདོར་བསྟན་དང་། དྲི་མེད་འོད། སྙིམ་ཏོག་སོགས་སུ་གསུངས་པ་བཞིན་ཡུལ་མཐའ་བྲལ་གྱི་ལྟ་བ་དང་། སྔགས་བླ་མེད་ཀྱི་ཕྱི་ནང་གི་ཐབས་མཁས་ལ་བརྟེན་པའི་བདེ་བ་ཆེན་པོ་དབྱེར་མེད་དུ་སྦྱོར་བ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ་སྐུ་གསུམ་ལག་བཅངས་སུ་གཏོང་བའི་མན་ངག་གི་མཐར་ཐུག་འདི་དག་རྒྱས་པར་སྨོན་པའོ། ། 

  གསུམ་པ་གྲོགས་ཕུན་སུམ་ཚོགས་པའི་བདེན་ཚིག་ལ་གཉིས་ལས།   

  དང་པོ་སྡོངས་གྲོགས་མཛད་པའི་ཆོས་སྐྱོང་ཁ་ཡད་པར་ཅན་ལ་སྦྱར་བ་ནི། 

  སྐྱེས་བུ་གསུམ་གྱི་ལམ་གྱི་སྲུང་མའི་གཙོ། །  

  མྱུར་མཛད་མགོན་དང་རྣམ་སྲས་ལས་གཤིན་སོགས། །  

  བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །  

  སྐྱེས་བུ་ཆེན་པོའི་ལམ་གྱི་སྲོག་ཐོག་མཐའ་བར་གསུམ་དུ་གལ་ཆེ་བ་སྙིང་རྗེ་ཆེན་པོའི་རང་མདངས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ། འབྲིང་གི་ལམ་གྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པ་དང་འདུལ་བའི་སྡེ་སྣོད་ཀྱི་སྲུང་མར་བཀས་བསྔས་པ་རྣམ་སྲས། ཆུང་ངུའི་ལམ་གྱི་གཙོ་བོ་ལས་འབྲས་ཀྱི་ཤན་འབྱེད་ཆོས་རྒྱལ་ཏེ་གསུམ་གྱིས་གྲོགས་མཛད་པས་བསྟན་པ་ཡོངས་་རྫོགས་ཀྱི་སྡོམ་ཆེན་པོ་སྐྱེས་བུ་གསུམ་གྱི་ལམ་ཚང་མ་ནོར་བ་འདི་རྒྱས་པར་སྨོན་པའོ། །  

  གཉིས་པ་བླ་སློབ་སྦྱིན་བདག་སོགས་སྒོ་ཐམས་ཅད་ནས་ཕུན་སུམ་ཚོགས་པར་སྨོན་པ་ནི།།  

  མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན། །  

  མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང་། །  

  བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །  

  བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། ཅེས་པ་ཡིན་ལ། སྦྱར་བྱང་ནི། ཅེས་པ་འདི་ནི་ལྷག་བསམ་རྣམ་དཔྱོད་ཡངས་པ་རབ་འབྱམས་པ་བློ་བཟང་བསྟན་པས་བསྐུལ་ཞིང་། སྤྱིར་དེང་དུས་རྗེ་བླ་མའི་བསྟན་པ་འདི་ནི་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་བཞིན་དུ་བདག་ཏུ་འཛིན་པ་འགའང་མི་སྣང་བས་ཅུང་ཟད་རེ་བསྲིང་ཐུབ་ནའང་ཅི་མ་རུང་སྙམ་དུ་སྨོན་པའི་ཡིད་ཀྱིས། བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། ། ཞེས་པ་སྟེ་གོ་སླའོ། ། 

  མཆོག་གསུམ་ཐུགས་རྗེས་མི་བསླུ་ཞིང་། ། 

  ལྷག་བསམ་ཆུད་མི་ཟ་བ་ཡི། ། 

  བདེན་པ་ཆེན་པོའི་བདེན་ཚིག་འདིས། །  

  བདེན་དོན་མངོན་དུ་འགྱུར་བར་ཤོག །ཅེས་པ་འདི་ནི་སྔ་སོར་གདན་ས་ཆེན་པོ་སྐུ་འབུམ་ནས་མང་ཐོས་སྒྲུབ་པའི་རྒྱལ་མཚན་འཛིན་པ་དཀོན་མཆོག་སྨོན་ལམ་སོགས་སྤོང་བ་པ་འགའ་ཞིག་དང་། མི་ཉག་དྲུང་ཡིག་ཚུལ་ཁྲིམས་བསྟན་འཛིན། འཇམ་དབྱངས་གོང་མའི་བཀས་ཕྱོགས་དུ་མར་དགེ་ལྡན་ལུགས་བཟང་སྤེལ་བ་ཡི་ལིའི་མཁན་རིན་པོ་ཆེ་ལྷ་རམ་ངག་དབང་བཟང་པོ་སོགས་ཀྱིས་བསྐུལ་ཞིང་ཉེ་ཆར་བསྟན་པའི་གསལ་བྱེད་གུར་ཡག་སྤྲུལ་བའི་སྐུ་ངག་དབང་བསྟན་འཛིན་ཆོས་འཕེལ་གྱིས་ནན་ཏན་དུ་བསྐུལ་བར་བརྟེན་བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བསྟན་པའི་ཁྱད་ཆོས་གཞན་དང་མི་འདྲ་བའི་ཚུལ་མཐའ་ཆོད་པར་ཤེས་འདོད་པ་རྣམས་རྗེའི་བསྟོད་འགྲེལ་ལ་ཞིབ་ཏུ་བལྟས་ན་དེས་འཐུས་པར་ཡོད་པས། འདིར་དོན་གྱི་ངོ་བོ་མདོར་བསྡུས་པའི་ས་བོན་ཙམ་ཞིག་བཀོད་པ་ཡིན་ནོ།། 

<