ཁྱིམ་བདག་གིས་ཕྲུ་གུར་ཁ་པར་རྩ་བ་ནས་རྩེད་དུ་མ་བཅུག་ན་འགྲིག་གམ།

2020-01-15
0

    ཁྱིམ་ཚང་གི་སློབ་གསོ་མི་འདང་བ་དང་སློབ་གསེང་འཚོ་བ་ཕུན་སུམ་ཚོགས་པོ་མེད་པ་སོགས་ཀྱི་རྐྱེན་པས་གྲོང་གསེབ་ཀྱི་ཕྲུ་གུ་མང་པོ་གློག་རྡུལ་ཐོན་རྫས་ལ་དབྱིངས་ཞུགས་ནས་རྒྱང་སྒྲིབ་ཕོག་པ་དང་གཟུགས་པོ་སྐྱོ་པོ་ཆགས་པ་སོགས་ཀྱི་གནད་དོན་མང་པོ་ཐོན་གྱི་ཡོད། 
       གྲོང་གསེབ་ཀྱི་ཕྲུ་གུ་འགའ་རེ་ནི་གློག་རྡུལ་ཐོན་རྫས་དང་ཁ་བྲལ་ཐབས་མེད་པར་གྱུར་བ། 
གྲོང་གསེབ་ཀྱི་ཕྲུ་གུ་འགའ་རེའི་ངོས་ནས་བརྗོད་ན། གློག་རྡུལ་ཐོན་རྫས་ལ་དབྱིངས་ཞུགས་པའི་དབང་གིས་ཁོང་ཚོ་དུས་ཐོག་ཏུ་ངལ་གསོ་མི་ཐུབ་པ་དང་། མིག་ཤེད་དང་གཟུགས་པོ་སྐྱོ་རུ་འགྲོ་གི་ཡོད། ན་ནིང་སློབ་གསོ་པུས་གྲོང་གསེབ་ཀྱི་སློབ་མའི་མིག་ཤེད་སྐྱོ་རུ་འགྲོ་ཚད་གྲོང་ཁྱེར་ལས་མཐོ་བ་ཡོད་པ་བསྟན་ཡོད།  འདི་ལོའི་ཟླ་8པར་ཡང་ཀྲུང་གོ་བྱིས་པའི་ལྟེ་གནས་དང་སྤྱི་ཚོགས་ཚན་རིག་ཚད་ལྡན་ཡིག་ཆ་《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་སྙན་ཞུ(2019ལོ)——བྱིས་པའི་སློབ་གསེང་གི་འཚོ་བའི་གནས་ཚུལ》ལས་མངོན་པར། གྲོང་གསེབ་ཀྱི་བྱིས་པས་ཉིན་ལྟར་གློག་རྡུལ་ཐོན་རྫས་སྤྱོད་པའི་དུས་ཚོད(སྐར་མ་108.18)ཟིན་པ་དེ་གྲོང་ཁྱེར་གྱི་བྱིས་པ(སྐར་མ་88.40)ལས་མངོན་གསལ་དོད་པོས་མཐོ་བ་ཡོད། 
       གློག་རྡུལ་ཐོན་རྫས་གཞིས་ལུས་བྱིས་པའི་རོགས་པར་གྱུར་བ། 
       གསར་འགོད་པར་ཤེས་རྟོགས་བྱུང་བར། གྲོང་གསེབ་ཀྱི་ཕྲུ་གུ་མང་པོ་ཞིག་གི་ཕ་མ་ཕྱིར་གླ་པར་བསྐྱོད་དེ་ཟླ་ཕྱེད་ཙམ་དང་ཐ་ན་ཟླ་བ་ཁ་ཤས་ལ་ཐེངས་རེ་མ་གཏོགས་ལོག་ཐུབ་ཀྱི་མེད། རྒན་འཁོགས་ཀྱིས་ཁོང་ཚོར་འཚོ་བའི་ཐད་ལྟ་རྟོག་བྱེད་ཐུབ་ཙམ་ལས་སེམས་ཁུར་བྱ་རྒྱུ་མི་འདང་བས། བྱིས་པར་དུས་ཡུན་རིང་པོ་ཁེར་རྐྱང་དུ་ལུས་པའི་སྣང་བ་ཞིག་སླེབས་ནས་རྟོག་བཟོའི་འཇིག་རྟེན་ལས་དྲོ་སྐྱིད་ཐོབ་ཐབས་བྱེད་ཀྱི་ཡོད། གཞིས་ལུས་ཀྱི་བྱིས་པ་མིན་པ་ཚོའི་ཕ་མའང་ཁྱིམ་ཚང་གི་འཚོ་ཐབས་ཆེད་བྲེལ་དགོས་པས་དུས་རྒྱུན་ཕྲུ་གུར་སེམས་གསོ་དང་ལྟ་རྟོག་བྱ་རྒྱུའང་འདང་གི་མེད། 
སློབ་གྲྭས་ལྟ་འདོམས་བྱ་རྒྱུ་མི་འདང་བ་ནི་གྲོང་གསེབ་ཀྱི་བྱིས་པས་གློག་རྡུལ་ཐོན་རྫས་ལ་དབྱིངས་ཆེན་པོ་ཞུགས་པའི་རྒྱུ་རྐྱེན་གཞན་ཞིག་རེད། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ཁག་ཏུ་སློབ་མས་སློབ་གྲྭར་ལག་ཐོགས་ཁ་པར་སྤྱོད་ཆོག་གི་མེད། འོན་ཀྱང་སློབ་གྲྭ་གྲོལ་བའམ་ཡང་ན་དགེ་རྒན་མེད་སར་ལག་ཐོགས་ཁ་པར་རྩེད་ཀྱི་ཡོད།
        སློབ་གྲྭ་དང་ཁྱིམ་ཚང་གིས་མཉམ་དུ་ཕྲུ་གུ་གློག་རྡུལ་ཐོན་རྫས་ཀྱི་བསླུ་བྲིད་ལས་ཐར་ཐབས་བྱེད་དགོས། 
ཁྱིམ་བདག་ལ་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་དང་པོ་དེ་ཡོད། ལྟ་འདོམས་ཀྱི་འགན་འཁྲི་དེ་བས་ཡག་པོ་འཁུར་རྒྱུ་ནི་ཁྱིམ་བདག་གི་དོར་ཐབས་མེད་པའི་འོས་འགན་ཞིག་རེད། གཞི་རིམ་གྱི་དགེ་རྒན་འགའ་ཤས་ཀྱིས་ཁྱིམ་བདག་ལ་ཕྲུ་གུར་ལག་ཐོགས་ཁ་པར་མ་ཉོ་ཞེས་བརྗོད་ཀྱི་ཡོད། གང་ཡིན་ཟེར་ན་ཕྲུ་གུའི་རང་གཅུན་ནུས་པ་ཞན་པས་མ་ཉོས་ན་ཡག་པ་ཡོད། 
དེ་དང་ཆབས་ཅིག ཤང་གྲོང་ཁག་གི་སློབ་གྲྭས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ནས། ཕྲུ་གུའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། ཁ་པར་ཁོ་ནར་མགོ་མི་འཁོར་བ་བྱེད་དགོས།
       གློག་རྡུལ་ཐོན་རྫས་ལ་ཞན་ཆ་གཅིག་པུ་མ་གཏོགས་ལེགས་ཆ་མེད་པ་ག་ལ་ཡིན།  གློག་རྡུལ་ཡོ་བྱད་སྤྱད་ནས་དྲ་བར་ཚུལ་ལྡན་ངང་ཞུགས་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྲུ་གུའི་སློབ་གསོའི་ཐོན་ཁུངས་ཀྱི་ཧེ་བག་ཆུང་དུ་གཏོང་ཐུབ་པས།  གློག་རྡུལ་ཐོན་རྫས་ཀྱི་ཞན་ཆ་ཁོ་ན་བསམ་ནས་སྡོད་རྒྱུ་མེད། གྲོང་གསེབ་ཀྱི་ཕྲུ་གུ་དྲ་བར་ཞུགས་ནས་ཤེས་བྱ་སྦྱོང་བ་དང་མཐོང་རྒྱ་ཆེ་རུ་གཏོང་དགོས། འོན་ཀྱང་ཁོང་ཚོར་བདེ་འཇགས་ངང་གློག་རྡུལ་ཐོན་རྫས་དང་དྲ་སྦྲེལ་སྤྱོད་པའི་ཁོར་ཡུག་མི་འདང་བས། གྲོང་གསེབ་ཀྱི་སློབ་གྲྭའི་ཆ་འཕྲིན་ཅན་གྱི་སྒྲིག་བཀོད་ལེགས་སུ་བཏང་ནས་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས། དཔེར་ན་སློབ་ཆེན་གྱི་གློག་རྡུལ་དཔེ་ཁང་དང་འདྲ་བའི་དཔེ་ཁང་བསྐྲུན་ཏེ་ཕྲུ་གུས“བདེ་ཐང”ངང་དྲ་བར་ཞུགས་པའི་ཁོར་ཡུག་བཏོད་ནས་དཔྱད་གཞི་འཚོལ་བ་སོགས་དྲ་སྦྲེལ་གྱི་ལེགས་ཆ་སྤྱོད་ཐུབ་པ་བྱེད་དགོས། 


  • 顶 0