ངོ་ཚ་ནས་བོད་སྐད་མི་ཤོད་པ་དང་། བོད་ཆས་མི་གྱོན་ཡང་། ཁྱོད་ཚོའི་ཤ་རུས་བསྒྱུར་མི་ཐུབ།

2017-02-07

  མཚོ་ལྷོར་གཟིགས་ཞིབ་གནང་སྐབས་ཁུལ་དང་རྫོང་གི་ལས་བྱེད་པའི་ཚོགས་ཆེན་ཐོག་གནང་པའི་གསུང་བཤད།༽

  བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ།

  ད་རེས་ང་མཚོ་ལྷོ་བོད་རིགས་རང་ལྗོངས་ས་ཁུལ་དུ་ཡོང་ནས་ལྟ་ཞིབ་དང་འཚམས་འདྲི་བྱས་པར། ཁུལ་ཏང་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། དམག་ཁུལ་ཡན་ལག་ཁང་དང་། རིགས་སོ་སོའི་ལས་བྱེད་པ་དང་། རིགས་སོ་སོའི་མི་དམངས་ཀྱིས་ལྷག་བསམ་འཁོལ་བས་དགའ་བསུ་བྱས་པ་དང་། ཧ་ཅང་གཟབ་རྒྱས་ངང་དགའ་བསུ་དང་། བརྩེ་བས་སྣེ་ལེན་བྱས་པའི་དུས་མཚུངས་སུ་ཉིན་འདི་གཉིས་ལ་ང་ཚོས་ལྟ་ཞིབ་འཚམས་འདྲི་བྱས་པར་ཁྱེད་ཚོས་རམ་འདེགས་དང་བཀོད་སྒྲིག་བྱས་པ་ཧ་ཅང་བཟང་ཕྱིར། ང་ཚོའི་འགན་ཁུར་ཡོངས་སུ་གྲུབ་པས། སེམས་ལ་དགའ་སྤྲོ་ཤིན་ཏུ་སྐྱེ། ཐོག་མར་ཁྱེད་ཚོར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ།

  དེ་སྔོན་༡༩༨༠ལོར་ངས་མཚོ་ལྷོ་ས་ཆར་ལྟ་ཞིབ་བྱས་ནས་དེ་རིང་བར་དུ་ལོ་བདུན་སོང་། ལོ་བདུན་པོ་འདིའི་ནང་། ཏང་ཀྲུང་དབྱང་གི་མཁས་མཛངས་འགོ་ཁྲིད་འོག་དང་། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ཡང་དག་པའི་ཁྲིད་སྟོན་འོག་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། མཚོ་ལྷོ་ཁུལ་ཏང་ཨུའི་ཐད་ཀར་འགོ་ཁྲིད་འོག མཚོ་ལྷོ་ས་ཆའི་ཕྱོགས་སོ་སོ་ནས་གྲུབ་འབྲས་ཆེན་པོ་བླངས། ངས་འདི་ཐམས་ཅད་མཐོང་བས་དགའ་སྤྲོ་སྐྱེ།

  ད་རེས་ང་མཚོ་སྔོན་དུ་ཡོང་ནས་ལྟ་ཞིབ་དང་འཚམས་འདྲི་བྱེད་སྐབས། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱིས་མཚོ་སྔོན་གྱི་ཕྱོགས་སོ་སོའི་བྱ་བ་དང་། ལྷག་པར་དུ་མི་རིགས་ས་ཁུལ་གྱི་བྱ་བ་དང་རིགས་སོ་སོའི་མི་དམངས་ཀྱི་ཕྱོགས་སོ་སོར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་འདུག

  ངས་གོ་སྐབས་འདིར་བརྟེན་ནས་ཁྱེད་ཚོ་དང་། ཁྱེད་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་། རིགས་སོ་སོའི་མི་དམངས་ལ་ཀྲུང་དབྱང་གི་མཚོ་ལྷོ་ས་ཆའི་རིགས་སོ་སོའི་མི་དམངས་ལ་མཛའ་ཞིང་བརྩེ་བས་འཚམས་འདྲི་དང་ཐུགས་འཁུར་གནང་བ་བརྒྱུད་བསྒྲགས་བྱས་པ་ཡིན།

  ངས་དེ་རིང་བོད་སྐད་ཀྱིས་བཤད་དགོས་ལ། ང་རང་བོད་རིགས་ཡིན་པ་དང་། ས་ཆ་འདི་ཡང་བོད་རིགས་ཀྱི་ས་ཆ་ཡིན། ཕྱོགས་གང་ནས་བཤད་ཀྱང་བོད་སྐད་ཀྱིས་བཤད་དགོས་མོད། འདི་ན་རྒྱ་རིགས་བློ་མཐུན་མི་ཉུང་བ་ཞིག་གིས་བོད་སྐད་མི་གོ་སྟབས་སྐད་སྒྱུར་བྱེད་དགོས། སྐད་སྒྱུར་བྱས་ན་དཀའ་ཁག་ཅུང་ཡོད་ཅིང་། ཡང་ཕྱོགས་གཅིག་ནས་དུས་ཚོད་མང་པོ་འཕྲོ་བརླག་ཏུ་འགྲོ།

  དེའི་ཕྱིར་དེ་རིང་ངས་རྒྱ་སྐད་ཀྱིས་བཤད་རྒྱུ་ཡིན། འོན་ཀྱང་རྒྱ་རིགས་བློ་མཐུན་ཚོས་སང་ཕྱིན་གྱི་ལོ་འགའི་ནང་བོད་སྐད་འབད་པས་སྦྱང་རྒྱུ་ངའི་རེ་བ་ཡིན། མི་རིགས་ས་ཁུལ་དུ་བོད་རིགས་ལས་བྱེད་པས་རྒྱ་སྐད་བཤད་ཐུབ་དགོས། རྒྱ་རིགས་ལས་བྱེད་པས་བོད་སྐད་བཤད་ཐུབ་པ་དགོས། དེ་ལྟར་ཡིན་ན་ང་ཚོས་སྐད་རིགས་གང་གིས་ཀྱང་བཤད་ན་ཆོག་པས་ཧ་ཅང་བཟང་། གཤམ་དུ་ངས་འདི་འདྲའི་དོན་འགའ་བཤད་རྒྱུ་ཡིན།

  གཅིག ང་ཚོའི་རྒྱལ་ཁབ་བཙུགས་ཚུན་ནས་ཏང་ཀྲུང་དབྱང་གི་མཁས་མཛངས་འགོ་ཁྲིད་འོག་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟི་འོད་འཕྲོས་འོག་བོད་རིགས་མི་དམངས་འདུས་པའི་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་མི་རིགས་འདྲ་མཉམ་ལ་ལོངས་སྤྱད་པ་དང་། རང་ཁྱིམ་རང་བདག་གི་ཆར་ལོངས་སྤྱད་དེ་རྒྱལ་ཁབ་ཀྱི་བདག་པོར་གྱུར།

  ང་ཚོའི་རྒྱལ་ཁབ་ཀྱི་ལོ་སྟོང་ཕྲག་དུ་མའི་རིང་ལ་མི་རིགས་བར་དུ་འདྲ་མཉམ་མིན་པ་དང་། མི་རིགས་ཤིག་གིས་མི་རིགས་གཞན་ཞིག་ལ་དབང་བསྒྱུར་བ་དེ་འདྲའི་ལོ་རྒྱུས་འདས་ཚར་ནས་ཕྱིར་ཡོང་མེད། དེ་ནི་རང་རྒྱལ་ལོ་རྒྱུས་སྟེང་གི་མི་རིགས་གནད་དོན་གྱི་རྩ་བའི་ཁ་ཕྱོགས་འགྱུར་མཚམས་ཡིན། བཅིངས་འགྲོལ་རྗེས་སུ་ལོ་རབས་ལྔ་བཅུ་བའི་དུས་འགོར། ང་ཚོའི་ཏང་གི་མི་རིགས་སྲིད་ཇུས་དང་། མི་རིགས་ས་ཆའི་བྱ་བ་དེ་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ་ལྟར་བསྒྲུབས་པ་ཡིན་པས་མི་རིགས་བྱ་བ་སྒྲུབ་པ་ཅུང་བདེ་བླག་ཡིན་ཞིང་། རིགས་སོ་སོའི་མི་དམངས་ཀྱིས་དྲོད་སྐྱིད་མྱངས།

  རྗེས་སུ་༡༩༥༧ལོ་ནས་བཟུང་ང་ཚོའི་སྲིད་ཇུས་གཡོན་དུ་འཁྱོར་ཞིང་། མི་རིགས་ས་ཁུལ་དུ་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་བྱས། དེ་ནས་བཟུང་མི་རིགས་ས་ཆའི་བྱ་བར་འགལ་འཛོལ་ལམ། ཐ་ན། ནོར་འཕྱུག་མང་པོ་བྱུང་བས་གཏོར་བརླགས་ཐེབས། ལྷག་པར་རིག་གནས་གསར་བརྗེ་ཆེན་པོའི་ནང་། རང་རྒྱལ་གྱི་མི་རིགས་གྲངས་ཉུང་ས་ཆའང་རྒྱལ་ཡོངས་དང་མཚུངས་པར་སྔར་ཐེབས་མ་མྱོང་བའི་གོད་ཆགས་ཚབས་ཆེན་ཐེབས་པ་དང་། རིགས་སོ་སོའི་དམངས་ཀྱིས་སྡུག་བསྔལ་ཚད་མེད་མྱངས།

  ང་ཚོའི་ཏང་གིས་རིགས་སོ་སོའི་མི་དམངས་ཀྱི་འགོ་ཁྲིད་དེ་གདུག་རྩུབ་ཆེ་བའི་མི་བཞི་ཚོགས་ཀག་རྡུལ་དུ་བརླགས་རྗེས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་འདས་པའི་ལོ་སུམ་ཅུའི་དྲང་ལྡོག་གཉིས་ཀྱི་མཉམ་མྱོང་དང་བསླབ་བྱ་ཕྱོགས་སྡོམས་བྱས་ཤིང་། ང་ཚོས་མར་ལེ་རེང་ལུགས་ངོ་མ་དང་། མའོ་ཙེ་ཏུང་དགོངས་པ་དང་། ཀྲུང་གོའི་གསར་བརྗེའི་ལག་ལེན་དངོས་གཉིས་ཟུང་འབྲེལ་བྱེད་པའི་ལམ་ཕྱོགས་ཀྱི་མཐའ་འཁྱོངས་ཏེ་གཡོན་གྱི་སྣང་ཚུལ་མང་པོ་ཁྱད་དུ་བསད་པ་དང་། ང་ཚོའི་བྱ་བའི་ནང་གི་ནོར་འཕྱུག་མང་པོ་ཡོ་བསྲང་དྲང་བཅོས་བྱས།

  དེའི་མཚོན་ཚུལ་གཙོ་བོ་ནི་སྔོན་གྱི་གྲལ་རིམ་འཐབ་རྩོད་རྩ་གནས་དུ་འཛིན་པ་དེ་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་འཛུགས་བསྐྲུན་དཀྱིལ་སྙིང་བྱེད་པར་བསྒྱུར་བ་དེ་ཡིན་ཞིང་། དེ་ནས་བཟུང་ང་ཚོའི་རྒྱལ་ཁབ་འདི་ལོ་རྒྱུས་ཀྱི་སྐབས་རིམ་གསར་བ་ཞིག་ལ་བསླེབས།

  ལྷག་པར་ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་ལུགས་སྲིད་ཇུས། འཐབ་ཕྱོགས་གཅིག་སྒྲིལ་སྲིད་ཇུས། དཔལ་འབྱོར་སྲིད་ཇུས། ཤེས་ཡོན་ཅན་གྱི་སྲིད་ཇུས་སོགས་ཧ་ཅང་མང་པོ་སྔོན་ཆད་སྤྱིར་བཏང་དུ་མཚམས་བཞག་པའམ་ནུས་པ་ཤོར་བའི་གནས་ཚུལ་གྱུར་བ་ནང་གི་ཡང་དག་པ་དང་། ཀྲུང་གོར་ད་སྐབས་ཧ་ཅང་མཁོ་བའི་སྲིད་ཇུས་རྣམས་སླར་གསོ་དང་ལག་ཏུ་བསྟར་ཞིང་། ལོ་རྒྱུས་ཐོག་ཆབ་སྲིད་འགུལ་སྐྱོད་རིམ་བྱུང་ནང་གི་གྱོད་གཞི་གླེང་རྫུན་འཕྱུག་གསུམ་ཅན་མང་པོར་དག་ཚང་དཀར་འདོན་བྱས་པ་དང་། ནོར་འཁྲུལ་ཧ་ཅང་མང་པོ་རྙོག་ཟིང་དྲང་བཅོས་བྱས།

  དེ་དང་མཉམ་དུ་ང་ཚོས་ཕྱི་ཕྱོགས་ལ་སྒོ་ཕྱེས་པ་དང་། ནང་ཁུལ་དུ་འཁྲུག་པོར་གཏོང་བ། དཔལ་འབྱོར་བཅོས་བསྒྱུར་བྱས་པ་དང་སྔོན་ཆད་ཅུང་བཀག་སྡོམ་སྒོ་བསྡམས་དང་། རེངས་པོར་གྱུར་བའི་སྲིད་ཇུས་དེ་ཅུང་སྒོ་འབྱེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དང་དོད་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་སྤེལ་བའི་སྲིད་ཇུས་གསར་པའི་ཕྱོགས་སུ་འགྱུར།

  དེའི་རྗེས་སུ། ང་ཚོའི་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་གནས་ཚུལ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་གྱུར། ཡིན་ནའང་སྔོན་དུ་བསྐྱོད་པའི་ནང་དུ་ཀྲུང་གོ་ལྟ་བུའི་སྤྱི་ཚོགས་རིང་ལུགས་འདི་འདྲའི་གནད་དོན་གསར་པ་འཚོལ་ཞིབ་བྱེད་པའི་ནང་དུ་ག་འདྲ་འདི་འདྲ་དཀའ་ཁག་དང་འགལ་འཛོལ་བྱོལ་ཐབས་མེད། སྤྱིར་བཤད་ན། ང་ཚོའི་རྒྱལ་ཁབ་སྔོན་དུ་བསྐྱོད་པ་ཡིན་ཏེ། དོན་དངོས་ཀྱིས་འདི་བདེན་དཔང་བྱས་ཡོད།

  རིགས་སོ་སོའི་མི་དམངས་རྒྱ་ཆེ་བས་དེ་རིང་དམངས་གཙོ་ལོངས་སྤྱོད་པས་ཡིད་ཁམས་ཤིན་ཏུ་སྐྱིད། འཚོ་བར་སྤྱིར་བཏང་དུ་འགན་ལེན་ཡོད་པ་དང་། མི་མང་ཤོས་ཀྱི་ལྟོ་གོས་གནད་དོན་སྤྱིར་བཏང་དུ་ཐག་གིས་ཆོད་ཡོད་ཅིང་། མི་ཉུང་ཤོས་ཕྱུག་པོར་འགྱུར་བཞིན་ཡོད། ཀྲུང་གོ་ནི་འདི་འདྲའི་རྒྱལ་ཁབ་ཆེ་བ་དང་། མི་གྲངས་ནི་འདི་འདྲ་མང་བས། མི་ཚང་མས་ཟས་བཟའ་དགོས་པ་དང་། གོས་གྱོན་དགོས་པ། འདི་ནི་དོན་ཆུང་ཞིག་མ་རེད། སྔོན་ཆད། འདི་ནས་ལོ་སྟོང་ཕྲག་དུ་མའི་རིང་གི་རྒྱལ་རབས་རེ་རེས་དོན་དག་འདི་ཐག་མ་ཆོད། ད་ལྟ་ང་ཚོས་སྤྱིར་བཏང་དུ་ཐག་གིས་བཅད། འདི་ནི་དཔེ་མི་སྲིད་པའི་གྲུབ་འབྲས་ཤིག་རེད།

  མི་རིགས་ས་ཁུལ་ལ་མཚོན་ན། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས། འཐབ་ཕྱོགས་གཅིག་སྒྲིལ་སྲིད་ཇུས་མི་རྣམས་ཀྱི་བློར་བབས་ཡོད་ཅིང་། མི་རིགས་ཀྱི་བྱ་བར་ཡར་རྒྱས་ཡོང་ཡོད་དེ། བོད་རིགས་ལ་མཚོན་ན། དམངས་ཡོངས་ཀྱིས་ཆོས་ལ་དད་པ་བྱེད་པ་ཡིན་ཞིང་། དད་འདུན་ལྷག་པར་ཆེ། སྔོད་ཆད་འགུལ་སྐྱོད་ནང་ང་ཚོའི་དགོན་པ་ཕལ་ཆེ་བ་བཤིག་བོད་ཀྱི་ས་ཆ་ཡོངས་སུ་དགོན་པ་སྟོང་དྲུག་ཙམ་ཡོད་པའི་ནང་དུ་བཅུ་ཕྲག་འགའ་ལས་ལྷག་མེད་མོད། ད་ལྟ་སྟོང་གཉིས་ལྷག་ཉམས་གསོ་བྱས་པས། ཆོས་དད་མང་ཚོགས་ཀྱི་རེ་བ་ཕལ་ཆེར་བསྐངས་ཡོད།  

  ང་ཚོས་རྒྱུན་ལྡན་གྱི་ཆོས་ལུགས་འཚོ་བ་རོལ་ཆོག་པས། ཚང་མ་ཧ་ཅང་དགའ་ཡོད། རང་རྒྱལ་གྱི་རྩ་ཁྲིམས་ནང་དུ་མི་རིགས་ས་ཁོངས་རང་སྐྱོང་སོགས་མི་རིགས་གྲངས་ཉུང་གི་ཁེ་དབང་བཅའ་ཁྲིམས་ཀྱི་སྒོ་ནས་སྲ་བརྟན་བྱས་ཡོད་དེ། ཁྱད་པར་དུ་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་དེ་སྔར་ལས་ལྷག་པར་བཅའ་ཁྲིམས་ཀྱི་སྒོ་ནས་གཏན་ཕབ་དང་ངོས་ལེན་བྱས་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་ས་ཆ་སོ་སོ་ནས་ལག་ཏུ་བསྟར་བཞིན་ཡོད།

  འོན་ཀྱང་། དེ་ལོ་དང་བསྡུར་ན་ཇེ་བཟང་དུ་སོང་ཡོད་པ་ནི་སྔོན་ཐོན་ཆེན་པོ་ཞིག་རེད། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་བརྩི་འཇོག་ཐོབ་ཡིད་ཅིང་། མི་རིགས་ཀྱི་ལྭ་བ་གྱོན་པ་དང་མི་རིགས་ཀྱི་རྒྱན་ཆ་སྤྲས་པ། མི་རིགས་ཀྱི་དུས་སྟོན་ལ་རོལ་བ་སོགས་ལ་མཐོང་ཆུང་མི་བྱེད། མི་རིགས་ཀྱི་སྐད་དང་ཡི་གེ་ལའང་འཕེལ་རྒྱས་བྱུང་ཡོད། སློབ་གྲྭ་མང་པོའི་ནང་དུ་མི་རིགས་སྐད་ཡིག་ཁྲིད་པ་སོགས་ཡིན།

  ཆོས་ལུགས་མི་སྣ་མང་པོ་བཀོད་སྒྲིག་འོས་མཚམས་བྱས་ཡོད་པ་དང་། ཁོ་ཚོས་ལས་གནས་མི་འདྲ་བའི་སྟེང་ནས་མེས་རྒྱལ་འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པའི་ཕྱོགས་ལ་རང་གིས་འདོན་འོས་པའི་ནུས་པ་འདོན་བཞིན་ཡོད།

  དོན་དངོས་འདི་དག་ཧ་ཅང་བཟང་པོ་ཡིན་པས་ང་ཚོ་ཚང་མས་འདི་དག་ཤེས་དགོས་ཤིང་། ང་ཚོའི་རྒྱལ་གཅེས་ལྷག་བསམ་སྐུལ་སྤེལ་བྱེད་དགོས། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་ལ་ཡིད་ཆེས་དགོས་པ་དང་། ཏང་ཀྲུང་དབྱངས་གིས་གཏན་ཕབ་བྱས་པའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་ལ་ཡིད་ཆེས་བྱེད་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་གཅིག་གྱུར་བྱས་ནས་མེས་རྒྱལ་དེང་རབས་ཅན་མངོན་འགྱུར་དང་། མེས་རྒྱལ་གྱི་དཔལ་ཡོན་གཉིས་འཛུགས་སྤེལ་ལ་བྱས་རྗེས་འཇོག་དགོས།

  མེས་རྒྱལ་གྱི་གཅིག་གྱུར་དང་མི་རིགས་ཀྱི་མཐུན་སྒྲིལ་ལ་རང་གིས་མིག་འབྲས་བཞིན་སྲུང་སྐྱོང་བྱེད་དགོས། ང་ཚོའི་རིགས་སོ་སོའི་མི་དམངས་ཀྱི་ལས་དབང་གཅིག་ཏུ་དམ་པོར་འབྲེལ་ཡོད་ཅིང་། སུ་ལའང་འབྲལ་མི་རུང་བ། ཕན་ཚུན་ཚང་མ་མཁོ་བ་ཡིན། དེའི་ཕྱིར་མི་རིགས་མཐུན་སྒྲིལ་ཤུགས་སྣོན་དགོས། མི་རིགས་ཀྱི་མཐུན་སྒྲིལ་འདི་ལ་རྒྱུན་དུ་བཤད་པའི་ནང་དོན་ནི། རྒྱ་རིགས་དང་མི་རིགས་གྲངས་ཉུང་གི་མཐུན་སྒྲིལ་ཡིན། དེའི་ནང་དོན་རྒྱས་པར་བཤད་ན། བོད་ཀྱི་ས་ཁུལ་དུ་ཐོག་མར་རྒྱ་རིགས་དང་བོད་རིགས་ཀྱི་མཐུན་སྒྲིལ་བཟང་པོ་བྱེད་དགོས། དེའི་འཕྲོར་བོད་རིགས་དང་མི་རིགས་གྲངས་ཉུང་གཞན་པའི་མཐུན་སྒྲིལ་བྱེད་དགོས། བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་བྱེད་དགོས།

  ཡང་ཅིག་བཤད་ན་མི་རིགད་སོ་སོའི་ནང་ཁུལ་ནས་མཐུན་སྒྲིལ་ཡོང་བ་དང་། ད་དུང་ཆོད་ལུགས་གྲུབ་མཐའ་བར་དུའང་མཐུན་སྒྲིལ་དང་འདྲ་མཉམ་ཡོང་དགོས། ང་ཚོས་མཐུན་སྒྲིལ་ལ་ཤུགས་སྣོན་དགོས་ཤིང་། ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པར་སྐུལ་འདེད་བྱེད་པ། མཐུན་སྒྲིལ་དང་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཡོད་ན་ཚང་མ་བག་ཕབ་པའི་ངང་ནས་བྱ་འགུལ་སྣ་ཚོགས་དང་བྱ་བ་སྣ་ཚོགས་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་གོང་འཕེལ་དང་། མི་དམངས་ཀྱི་བདེ་སྐྱིད། རང་ཉིད་ཀྱི་འབྱོར་ཕྱུག་ཆེད་དུ་བྱ་བ་སྒྲུབ་པ་དང་། ངལ་རྩོལ་བཟང་པོ་བྱེད་དགོས།

  གཉིས། མཚོ་ལྷོ་ནི་བོད་རིགས་ཀྱིས་རང་སྐྱོང་བྱེད་པའི་ས་ཆ་ཡིན། མཚོ་སྔོན་ལ་མཚོན་ན། མཚོ་སྔོན་ནི་ཞིང་ཆེན་ཞིག་ཡིན་པ་ལས་རང་སྐྱོང་ལྗོངས་མིན། འོན་ཀྱང་མངའ་ཁོངས་སུ་རང་སྐྱོང་ཁུལ་དྲུག་དང་། རང་སྐྱོང་རྫོང་བདུན་ཡོད་ཅིང་། ས་ཁུལ་གྱི་བརྒྱ་ཆའི་གོ་བརྒྱད་ནི་མི་རིགས་གྲངས་ཉུང་གི་ས་ཆ་ཡིན་པ་དང་། མི་གྲངས་ཀྱི་སྟེང་ནས་བཤད་ན་བརྒྱ་ཆའི་བཞི་བཅུ་ནི་མི་རིགས་གྲངས་ཉུང་ཡིན། དེའི་ཕྱིར། མི་རིགས་ས་ཁུལ་གྱི་བྱ་བའི་བཟང་ངན་གྱིས། ཞིང་ཆེན་ཡོངས་ཀྱི་བྱ་བའི་བཟང་ངན་ལ་ཐད་ཀར་ཤན་ཞུགས་པའམ་ཐ་ན་རགས་ལས་ཡོད།

  མི་རིགས་ས་ཁུལ་གྱི་བྱ་བ་ལེགས་པོར་སྒྲུབ་མ་ཐུབ་ཚེ། ཞིང་ཆེན་ཡོངས་ཀྱི་བྱ་བ་ལེགས་པོར་སྒྲུབ་ཐབས་མེད། དེའི་རྐྱེན་གྱིས། རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་མི་རིགས་ས་ཁུལ་གྱི་བྱ་བར་མཐོང་ཆེན་བྱེད་འོས་ལ། འདི་ནི་གལ་འགངས་ཆེས་ཆེ་བ་ཡིན། ལོ་འདི་དག་གི་རིང་ལ། བོད་རིགས་ས་ཁུལ་ལ་མཚོན་ན། འགོ་མར་མཚོ་སྔོན་ནི་མི་རིགས་བྱ་བ་སྒྲུབ་པ་ཧ་ཅང་བཟང་བའི་ས་ཆ་ཡིན་མོད། དེང་སྐབས་ས་ཆ་གཞན་པའི་བྱ་བ་ལའང་ཡར་རྒྱས་ཡོང་ཡོད་པས། མཚོ་སྔོན་གྱིས་བྱ་བར་དམ་འཛིན་མ་བྱས་ན། གཞན་པའི་རྗེས་སུ་ལུས་ངེས་ཡིན། འདི་ནི་གནད་དོན་ཞིག་རེད།

  ལོ་འདི་དག་ལ་འགོ་ཁྲིད་པ་བརྗེ་སྤོར་བྱས་ནས། ན་གཞོན་མང་པོ་འགོ་ཁྲིད་ཀྱི་གོ་གནས་སུ་ཡོང་ཞིང་། མི་རིགས་བྱ་བའི་ཐད་དུ། ཁོ་ཚོ་ལ་ལར་ཉམས་མྱོང་ཅུང་ཕུན་སུམ་ཚོགས་པ་ཡོད་མོད། ལ་ལར་ཉམས་མྱོང་དེ་འདྲ་མེད། གནས་ཚུལ་འདི་ལྟ་བུའི་འོག་ནས། གལ་ཏེ་ང་ཚོས་མཉམ་མ་བཞག་ན། མི་རིགས་བྱ་བ་ལྷོད་གཡེང་དུ་གཏོང་རྒྱུ་རེད།

  ཕྱོགས་གཞན་ཞིག་ནས། དེང་སྐབས་ང་ཚོས་དཔལ་འབྱོར་ལས་དོན་ནན་བཏར་བྱེད་པའི་སྒང་ཡིན་པས། རྟག་པར་མི་རིགས་བྱ་བ་སྣང་མེད་དུ་འཇོག ངས་བལྟས་ན། བུད་ཤིང་མེད་པར་རླུང་འབུད་མེ་སྦར་བྱས་ཀྱང་མེ་འབར་མི་སྲིད། དེར་ངེས་པར་དུ་འབར་བྱའི་དངོས་པོ་འོས་འཚམ་ཞིག་ཡོད་ན་ད་གཟོད་འབར་བ་ཡིན། དཔེ་འདིས་ང་ཚོའི་བྱ་བའི་ཁྲོད་དུའང་མི་འདང་ས་ཡོད་པ་མཚོན། དེའི་ཕྱིར། བྱ་བར་དབྱེ་ཞིབ་བྱེད་སྐབས། དང་པོར་དགྲ་བོ་དང་། གཉིས་པ་ང་ཚོ་རང་ཉིད་ཀྱི་བྱ་བ་སྒྲུབ་པ་ཐབས་རྡུགས་ཡིན་པས་སོ།

  སྔོན་ཆད་གྲལ་རིམ་འཐབ་རྩོད་བྱེད་པའི་དུས་སུ། ཆར་པ་མ་བབས་ནའང་གྲལ་རིམ་དགྲ་བོས་ལན་པ་ཡིན། གྲལ་རིམ་འཐབ་རྩོད་བཟུང་བ་ཉིད་དུ་ཕན་ནུས་ཐོན་ཟེར། ཞིང་བདག་འགའ་བཟུང་ནས་འཐབ་རྩོད་བྱས་ན། ཆར་པ་འབབ་ཐུབ་པ་དང་མཚུངས། ཐམས་ཅད་གྲལ་རིམ་འཐབ་རྩོད་ཡིན་ལ། ཐམས་ཅད་གྲལ་རིམ་དགྲ་བོས་ལན། བྱ་བ་ཡོད་ཚད་དོན་དངོས་སུ་དེ་ལྟར་མིན། དེ་བས། ང་ཚོ་མི་རིགས་ས་ཁུལ་གྱི་བྱ་བའི་ཐད་ནས། བོད་ལྗོངས་ཀྱི་བསླབ་བྱ་འགའ་ཤས་མཚོན་སྔོན་གྱི་བསྡུ་ལེན་བྱེད་འོས། འདི་ལ་སྣང་མེད་དུ་སྐྱུར་མི་ཉན།

  དེང་སྐབས་ཀྱི་རྒྱང་བསྒྲགས་དང་། བརྙན་འཕྲིན། སྒྲ་ཕབ་སོགས་འཕྲིན་སྐྱེལ་ལས་དོན་ཉིན་རེ་བཞིན་དར་རྒྱས་སུ་འགྲོ་བཞིན་ཡོད། དེང་སྐབས་ང་ཚོའི་བརྙན་འཕྲིན་ནང་དུ་ཕྱི་རྒྱལ་གྱི་བརྙན་འཕྲིན་བསྡུ་ལེན་མི་ཐུབ། བརྙན་འཕྲིན་གྱི་སྒོ་ནི་ཅུང་འགག་པ་ཡིན། འོན་ཀྱང་ང་ཚོའི་རླུང་འཕྲིན་གྱིས་འཛམ་གླིང་ཡོངས་ཀྱི་རྒྱང་བསྒྲགས་ཐམས་ཅད་བསྡུ་ཐུབ། ལོ་འགའ་འགོར་རྗེས། ལག་རྩལ་དར་རྒྱས་སུ་སོང་ན། ང་ཚོའི་བརྙན་འཕྲིན་གྱིས་ཀྱང་འཛམ་གླིང་ཡོངས་ཀྱི་ལྟད་མོ་གང་འདོད་བཞིན་བསྡུ་ཐུབ། སྐབས་དེར་སླེབ་ཚེ་མི་རྣམས་ཀྱི་བསམ་བློ་རྙོག་འཛིང་དུ་འགྲོ་སླ།

  དེང་སྐབས་ཕྱི་རྒྱལ་གྱི་སྒྲ་ཕབ་འཁོར་ཐག་མང་པོ་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ། སྒྲ་ཕབ་འཁོར་ཐག་ལ་ལའི་ནང་དུ་བཤད་པའི་སྐད་ཆ་དང་། ལངས་ཕྱོགས། ཏང་དང་མེས་རྒྱལ། ང་ཚོའི་སྲིད་ཇུས་ལ་ཚིག་མཚོན་འདེབས་པ་ཡིན། འོན་ཀྱང་དེ་དག་གི་ནང་དུ་བཤད་པའི་སྐད་ཆ་མང་པོ་ཞིག་ནི། དངོས་དོན་མང་པོ་གཞིར་བཟུང་ནས་བཤད་པ་ཡིན་པས། བསླུ་བྲིད་རང་བཞིན་ཧ་ཅང་ཆེན་པོ་ལྡན།

  ང་ཚོས་བྱ་བའི་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་ཁྱད་གསོད་བྱེད་དགོས་ལ། གལ་ཏེ་སྐྱོན་ཆ་དང་ནོར་འཁྲུལ་འདི་དག་མ་བསལ་ན། གཞན་གྱིས་འདི་དམིགས་སུ་བཟུང་ནས་ངན་སྐུལ་བྱ་རྒྱུ་ཡིན་པས། སྐབས་གླགས་སུ་འཛུལ་ཧ་ཅང་སླ། ལོ་འདི་དག་གི་རིང་ལ། ངའི་སེམས་ལ་ང་ཚོའི་མི་རིགས་ཀྱིས་བྱ་བ་ཡོད་ཚད་ཅུང་ལྷོད་སོང་སྙམ། བྱ་བ་འདི་ལ་སྤྱིར་ཤུགས་སྣོན་བྱེད་འོས། ཀྲུང་དབྱང་གིས་མི་རིགས་གྲངས་ཉུང་ས་ཁུལ་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད་འོན་ཀྱང་། སྲིད་ཇུས་ཧ་ཅང་མང་པོ་ཞིག་མན་ཆད་ལ་ཐོན་ན། གྲིས་བཅད་པ་ལྟར་བྱས་ནས་མེད་པར་གྱུར།

  ངས་གོང་ནས་བཤད་པའི་རང་སྐྱོང་དང་རང་སྐྱོང་མིན་པ་ལ་ཁྱད་པར་ཅི་ཡང་མེད་དེ། རང་སྐྱོང་དང་རང་སྐྱོང་མིན་པར་སྲིད་ཇུས་སྟེང་ཁྱད་པར་ཡོད་ན། འགྲིག་ཅིང་འོས་པ་ཡིན། ཁྱད་པར་ཅན་ཞིག་དང་། གུ་ཡངས་ཅན་ཞིག་ཡིན་ཚེ། ད་གཟོད་རང་སྐྱོང་ཟེར་བ་ཡིན། དཔེར་ན། སྐྱེད་ཀ་དང་། དཔྱ་ཁྲལ་བསྡུ་བ། ཡིད་བརྟན་དངུལ་བུན་གཏོང་བ་སོགས་ཀྱི་ཕྱོགས་ནས་ཁྱད་པར་ཡོད་དགོས།

  དར་རྒྱས་ཆེ་བའི་ས་ཁུལ་མང་པོ་ཞིག་ལ་མཚོན་ན། ཁོ་ལ་དཔལ་འབྱོར་འདེགས་ཤུགས་ཧ་ཅང་ཆེན་པོ་ལྡན། སྒོར་དུང་ཕྱུར་འགའ་གོད་ཆགས་སུ་སོང་ཡང་སྐྱོན་སྤུ་ཙམ་མེད། འོན་ཏེ་དབུལ་བོའི་ས་ཆ་ནས་སྒོར་བྱེ་བ་འགའ་འམ་ཐ་ན་འབུམ་དུ་མ་ཞིག་གྱོང་གུད་བྱུང་ནའང་ཚབས་ཆེ།

  སྤྱིར་ན། ང་ཚོའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཅུང་དབུལ་ཕོངས་རྗེས་ལུས་ཡིན་པ་དང་། ས་ཆ་ལ་ལ་ནི་ཅུང་ཕྱུག་ཅིང་སྔོན་ཐོན་ཡིན། དེ་འདྲ་ཧ་ཅང་ཉུང་། ཕལ་ཆེ་བ་ནི་ཉེ་བའི་ལོ་འགའི་རིང་ལ་འཕེལ་རྒྱས་བྱུང་བ་ཡིན། འཕེལ་རྒྱས་ཞེས་པའི་སྐད་ཆ་འདི་མེད་ན་དོན་དངོས་དང་མི་མཐུན་ལ། དངོས་ཐོག་བདེན་འཚོལ་མིན།

  ཉེ་ཆར་ང་ཚོའི་འཛུགས་སྐྲུན་གྱི་མྱུར་ཚད་དང་རྒྱ་མཚོའི་ཁའི་གྲོང་ཁྱེར་སོགས་སྔོན་ཐོན་ས་ཁུལ་ལ་བསྡུར་ཐབས་བྲལ། ང་ཚོའི་འཕེལ་རྒྱས་ཀྱི་གོམ་ཚད་ཅུང་དལ་པའི་རྐྱེན་གྱིས། ང་ཚོའི་བྱ་བར་སྔར་ལས་ཤུགས་སྣོན་བྱེད་འོས། འདི་ལ་ཕྱོགས་གཉིས་ཡོད་དེ།

  གཅིག་ནི། ཀྲུང་དབྱང་དང་ཞིང་ཆེན་གྱིས་ང་ཚོར་སྲིད་ཇུས་དམིགས་བསལ་ཅན་དང་། གུ་ཡངས་ཅན་ལག་བསྟར་བྱེད་འོས་ལ། དེ་དང་ལྷན་དུ་ང་ཚོ་རང་ཉིད་ཀྱིས་ཀྱང་ཧུར་ཐག་འབད་ཐག་བྱེད་པ་དང་། ཐབས་བཀོད་མང་པོ་འཐེན་དགོས།

  དཔེ་བཞག་ན། ང་ཚོའི་བོད་ལྗོངས་ལ་སྔོན་ཆད་ཀྲུང་དབྱང་གིས་བྱིན་པའི་སྒོར་མོ་ཧ་ཅང་མང་ལ། འོན་ཏེ་སྒོར་མོ་དེ་དག་གི་མང་ཆེ་བ་མིའི་སྟེང་དུ་བཀོལ་བ་སྟེ། མང་ཆེ་བ་ལས་བྱེད་པ་དང་བཟོ་བོས་བཀོལ་སྤྱོད་བྱས་པས། སྦས་གསང་བཀོལ་མི་མང་། འདི་ལྟར་བྱས་པས། ལས་བྱེད་པ་དང་། བཟོ་བོའི་ཟླ་ཕོགས་ཅུང་མཐོ་ཞིང་། ལྟ་སྐྱོང་བྱས་པའང་ཅུང་བཟང་། འོན་ཀྱང་། བྱ་བའི་ལས་ཚད་ནི་ཧ་ཅང་དམའ། འདི་འདྲའི་ས་ཆར་བཙིར་ན་འོས། བཙིར་ན་ཡར་སྐུལ་ཡོང་།

  ང་ཚོའི་མི་རིགས་གྲངས་ཉུང་གི་ས་ཁུལ་ལམ། ལྷག་པར་དུ་བོད་རིགས་ས་ཁུལ་གྱི་མི་རྣམས་ཅུང་སྒྱིད་ལུག་ཡིན་སྙམ། ཉིན་འགའི་སྔོན་ལ་ངས་ཞོན་ཧྭ་ནས་ཀྱང་བཤད་མྱོང་།

  ང་ཚོའི་མི་རིགས་འདི་ཟ་ལར་རིགས་དང་། ཧོས་རིགས་ལ་མི་དོ། ཁོ་ཚོས་བདག་གཉེར་བྱེད་ཤེས། ཚོང་རྒྱག་ཏུ་འགྲོ་བ་དང་། ཞོར་ལས་བཙལ་བ། སྐྱེས་པ་ལ་་ལ་ལོ་གཅིག་གི་དུས་བཞིར་ཕྱི་རོལ་ཏུ་སོང་ནས་ངལ་རྩོལ་བྱས་ཏེ་སྒོར་མོ་བཙལ་བཞིན་ཡོད། ང་ཚོ་བོད་རིགས་རྣམས་རང་ཉིད་ཀྱི་བདེ་ཞིང་སྐྱིད་པའི་ཁྱིམ་ལས་ཕྱིར་འབུད་མི་འདོད། ཁྱོད་ཚོས་ལྭ་འདབ་ལ་སྲམ་ཞིང་ཆེན་པོ་འཐེན་ཞིང་། བུད་མེད་ཚོས་བྱུ་རུའི་སྐེ་རྒྱན་བཏགས་ཚེ་ཡིད་ཚིམས་པ་དང་། ཚ་ཐབ་དྲོན་མོའི་སྟེང་དུ་ལུག་ཤ་ཚོན་པོ་དང་། མར་རྩམ་བཟའ་རྒྱུ་ཡོར་ཚེ། ཡིད་ཚིམ་ནས་དགའ་སྤྲོ་སྤྲོ་བྱེད། འདེ་འདྲའི་བསམ་བློ་ཡོད་ཕྱིར། ང་ཚོའི་མི་རིགས་ཀྱི་རྗེས་ལུས་ནམ་ཡང་བསྒྱུར་མི་ཐུབ།

  མི་ལ་གདོང་མཆོང་ངར་ཤུགས་དགོས་ལ། དཀའ་སྤྱད་འབད་བརྩོན་བྱེད་ཐུབ་དགོས། རང་ལ་ཡིད་ཆེས་ཀྱང་དགོས། དེང་སྐབས་ང་ཚོར་དཀོན་པ་ནི་རང་ལ་ཡིད་ཆེས་བྱེད་པ་འདེ་ཡིན། མི་ལ་རང་བཀུར་གྱི་སེམས་དགོས་ལ། མི་རིགས་ཞིག་ལ་རང་ཉིད་ཀྱི་ལ་རྒྱ་ཧ་ཅང་མཁོ་ཞིང་། རང་བཀུར་བྱེད་དགོས་ལ། རང་གཅེས་ཀྱང་བྱེད་དགོས།

  མི་ལ་ལས་སྔ་དྲོ་ནས་དགོང་མོ་བར་ཆང་འཐུང་བ། འདི་ག་ལ་འགྲིག མི་ཆང་འཐུང་རྒྱུར་དགའ་ན། དེར་མི་ཆོག་རྒྱུ་མེད་མོད། དགོང་མོ་ཉལ་ཁར་ཅུང་ཙམ་འཐུང་ན། ཉལ་ས་བདེ་ཞིང་གཉིད་སྐྱིད། དུས་སྟོན་གྱི་སྐབས་སུ་མང་ཙམ་འཐུང་ཐལ་དྲགས་སུ་མ་འཇུག རྒྱ་ལམ་ནང་དུ་ཉལ་ན་ཟོག་ལྟ་བུར་བཙོག མི་ལ་ལས་ནངས་སྔ་མོར་འཐུང་ནས་ཕྱི་དྲོར་ཐོན་ཞིང་། ལས་སྒྲུབ་སྐབས་སུ་བཟི་ནས་ར་རོར་གྱུར།

  ངས་ད་ལོ་བོད་ལྗོངས་སུ་གླེང་ཕྱོགས་འདི་ལྟར་བཟོས། བོད་རིགས་ལས་བྱེད་པས་ཆང་འཐུང་བར་བཅུན་དགོས། རྒྱུན་དུ་ཆང་འཐུང་བའི་ལས་བྱེད་འོས། དེས་མ་ཐུབ་ཚེ། ཁོ་ཚོར་ལས་འཁྱུར་ངལ་གསོ་བྱེད་དུ་འཇུག་དགོས། བོད་རིགས་དང་། སོག་རིགས་ཀྱིས་ཆང་འཐུང་བ་ཚབས་ཆེ། ང་གྱ་བཞི་ལོར་ཞིན་ཅང་དུ་སོང་བའི་དུས་དེར། སོག་པོ་དེ་དག་གིས་ཆང་འཐུང་བ་ཚབས་ཧ་ཅང་ཆེ། ངས་ཁོ་ཚོར་ཆོས་བཤད་པའི་སྐབས་སུ། ཁྱོད་ཚོས་ཆང་འཐུང་དྲགས་མི་ཉན་པ་དང་། འཐུང་དྲགས་ན་དམྱལ་བར་ལྷུང་ཚུལ་བཤད་ནས་འཇིགས་སྣང་བསྐུལ། དེང་སྐབས་ཁོ་ཚོ་ཅུང་ཇེ་ལེགས་སུ་སོང་།  

  འོན་ཀྱང་སྔོན་ཆད་རིག་གནས་གསར་བརྗེའི་སྐབས་སུ་ཧ་སག་རིགས་ཀྱི་ཨ་ཧོང་ཕམ་པར་བརྒྱབ་རྗེས། ཁོ་ཚོས་ཀྱང་ཆང་འཐུང་བྱུང་། འོན་ཏེ་ཆོས་ལུགས་དད་མོས་རང་དབང་ཡིན་པའི་ཚུན་ནས། ཨ་ཧོང་ཡང་བཙན་པོར་གྱུར། ཁོ་ཚོའི་དབྱི་ས་ལེམ་ཆོས་ཁང་ནང་དུ། ཁྱོད་ཀྱིས་ཁ་ལེན་ཚིག་བརྩི་མ་བྱས་ཚེ། ཁོས་གུ་ཏའི་གསུང་གིས་སུན་འབྱིན་དང་བཀག་འགོག་བྱེད། དེ་ལྟར་བྱས་པས། ཧ་སག་རིགས་ཀྱི་མང་ཚོགས་ཁྲོད་དུ་ཆང་འཐུང་མཁན་མེད་ཅིང་། ཚང་མས་ཆང་བཅད། ལས་བྱེད་པའི་ཁྲོད་དུ་ད་དུང་ཆང་འཐུང་མཁན་ཁ་ཤས་ཡོད།

  དེའི་ཕྱིར་ཆང་འཐུང་ན་ངོ་མ་མི་བཟང་། དེང་སྐབས་ཆང་གི་འཙོང་ཚད་ཉིན་རེ་ལས་ཉིན་རེ་བཞིན་ཆེ་ཞིང་། བོད་ལྗོངས་སུ་སྔོན་ཆད་ནས་འཐུང་ཞིང་། དེང་སྐབས་ཝུ་ཆང་འཐུང་། ན་གཞོན་ལ་ཤས་མི་གསུམ་རེ་བཞི་རེ་ཡིས་ཝུ་ཆང་སྒམ་གང་རེ་གང་རེ་བྱས་ནས་ཉོས་ཏེ་འཐུང་བཞིན་ཡོད། སྒོར་མོ་དེ་འདྲ་མང་པ་ཞིག་གང་ནས་ཁྱེར་ཡོང་ངམ། བོད་ལྗོངས་སུ་ཝུ་ཆང་རྒྱ་མ་གང་ལ་སྒོར་གཉིས་ལྷག་ཡིན། འདི་ནས་སྒོར་མོ་གཅིག་ཙམ་ཡིན་ནམ། སྒམ་གང་ལ་དམ་བུ་ཉེར་བཞི་ཡོད་ཅིང་། སྒོར་ལྔ་བཅུ་ལྷག་རེད།

  མི་གསུམ་བཞིས་སྐད་ཅིག་ལ་ཆང་སྒམ་དོ་འཐུང་ན། སྒོར་མོ་བརྒྱ་ལྷག་བརླག་པ་གྱུར། ཟླ་གཅིག་གི་གླ་ཕོགས་འདི་འདྲའི་ཐེངས་གཅིག་དང་གཉིས་ཀྱི་རྗེས་སུ་མེད་པར་གྱུར། དེ་འདྲ་ག་ལ་ཆོག རྐུའང་བྱེད་རྒྱུ་རེད། སྤྱི་ཚོགས་སྟེང་གི་སྤྱོད་ངན་འདེ་དག ད་ལྟ་སྨྱོ་ཧམ་ཧ་ཅང་ཆེ། ང་ཚོས་སློབ་དགོས་པ་ནི་གཞན་པའི་སྔོན་ཐོན་གྱི་སྐོར་ཡིན་ཏེ། རྒྱལ་ནང་དང་། རྒྱལ་སྤྱི་གང་ཡིན་ནའང་དེའི་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་བྱ་བའི་བྱེད་ཐབས། ཁོ་ཚོའི་མདུན་སྐྱོད་ཀྱི་སྙོང་སྟོབས་དེར་ང་ཚོས་སློབ་སྦྱོང་བྱེད་དགོས།  

  འོན་ཏེ་རྒྱལ་ཡོངས་ལ་མཚོན་ན། སྙིང་སྟོབས་དེ་རིགས་བསླབས་པ་ཡིན་མོད། བསླབས་པ་དེ་འདྲ་མི་བཟང་། ཡིན་ནའང་གཞན་པའི་བྱ་ངན་སྤྱོད་ངན་ང་ཚོས་བསླབས་པ་མི་ཉུང་། དེང་སྐབས་གང་མིན་གྱི་བརྙན་འཕྲིན་འགའ་ཤས་ལ། གཅིག་བལྟས་ཚེ་ཤེས་ཡོང་། འདོད་སྲེད་ཅན་གྱི་བརྙན་འཕྲིན་དག་ལ། མཚན་མོར་ལྐོག་ཏུ་ལྟ་བཞིན་ཡོད་ཅིང་། སྤྱི་བདེ་མི་སྣ་སོང་ནས་དེ་དག་འཛིན་ཞོར་ལ་རང་ཉིད་ཀྱིས་ཀྱང་དེར་ལྟ་བཞིན་ཡོད། འདི་ལྟར་བྱས་པས་ཚུལ་མིན་སྤྱོད་ངན་ཇེ་མང་ཇེ་མང་དུ་སོང་ཞིང་། སྤྱི་ཚོགས་ཀྱི་དར་སྲོལ་ཤིན་ཏུ་མི་ལེགས་ཏེ། བརྡུང་རེས་རྒྱག་པ། མི་གསོད་པ། བཙན་གཡེམ་བྱེད་པ་སོགས་བྱ་ངན་སྤྱོད་ངན་ཡོད་ཚད་བྱུང་། སྤྱི་ཚོགས་ཀྱི་ནས་ངན་འདི་དག་ལ་མཉམ་འཇོག་དགོས།

  ང་ན་ནིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་སོང་ནས་ཆོས་བཤད་ཅིང་མཇལ་ཁ་གཏོང་བའི་དུས། དཀར་མཛེས་རྫོང་དུ་བསྡད། དེའི་ནང་གི་ཞབས་ཕྱི་བ་ཐམས་ཅད་ལས་བྱེད་པའི་བུ་དང་བུ་མོ་རེད། ཅུང་ཡིད་རྟོན་བྱེད་ཆོག ངས་སྒེའུ་ཁུང་ལས་ཕྱི་རོལ་དུ་བལྟས་ཚེ། ཁོ་ཚོས་སྡེར་མ་ཁྱེད་ཞོར་ཌི་སེ་ཁོ་ཞབས་བྲོ་འཁྲབ་བཞིན་ཡོད།  

  ང་ཕྱི་རྒྱལ་དང་། ཧྲང་ཧེ་རུ་སོང་མྱོང་མོད། རྒྱ་ལམ་ནང་དུ་ཌི་སེ་ཁོ་ཞབས་བྲོ་འཁྲབ་པ་མཐོང་མ་མྱོང་། ཕྱི་རྒྱལ་གྱི་མི་ལ་མཚན་མོར་སྤྱི་ཁྱབ་ལྷན་ཚོགས་སོགས་གང་མིན་འདི་མིན་ཡོད་ཅིང་། ཁོ་ཚོས་ཀྱང་ཁང་བའི་ནང་དུ་བྲོ་འཁྲབ། དཀར་མཛེས་ས་ཁུལ་དུ་སྡེར་མ་ཁྱེར་ནས་འགྲོ་ཞོར་ལ་བྲོ་འཁྲབ་པ་ངོ་མ་བཙོག་པ་རེད།

  གོ་ཐུང་དུང་ཆེན་ཁ་དེ། ལོ་དང་པོར་ཧོང་ཀོང་ནས་དར་ཁྱབ་ཆེ་ཞིང་། ལོ་གཉིས་པར་པེ་ཅིན་དང་ཧྲང་ཧེ་ནས་དར། ལོ་གསུམ་པར་ས་འདི་ལ་དར། གཞན་གྱིས་སྔར་ནས་དེ་མི་གྱོན་མོད། ཁོས་ད་དུང་གྱོན་ཞིང་སེམས་ལ་ཡག་བསམ། མིས་ངེས་པར་དུ་རང་གཅེས་བྱེད་དགོས། སྐྱོན་དང་ངན་གྱི་རེགས་མ་སློབས། གཞན་གྱི་བཟང་ཆར་སློབ་སྦྱོང་བྱོས།

  ཁྱེད་ཚོ་འདེར་ཡོད་པའི་ནང་དུ། དབྱིན་ཇིའི་ཡི་གེ་ཤེས་པའི་མི་ཧ་ཅང་ཉུང་། ཚན་རིག་ཤེས་བྱ་ཤེས་མཁན་ཡང་མི་མང་། འོན་ཏེ་ཕྱི་རྒྱལ་གྱི་བྱ་ངན་སྤྱོད་ངན་འདེ་དག་སློབ་པའི་མི་མི་ཉུང་བ་ཞིག་མ་རེད། གཞན་གྱི་བཟང་ཆར་མི་སློབ་པར། ངན་ཆར་སློབ་པ་འདི་ངོ་མ་སྐྱུག་བྲོ། དེའི་ཕྱིར་མི་རིགས་ཀྱི་ངེས་པར་དུ་རང་གཅེས་བྱེད་དགོས་ལ། དེའི་སྟེང་དུ་རང་ཉིད་ཡར་ཐོན་ལ་མརྩོན་པ་སྣོན་དགོས།  

  འདིར་ཡོད་ཀྱི་མི་རིགས་ལས་བྱེད་པ་ཅུང་སྔོན་ཐོན་རེད། ཡིན་ན་ཡང་ང་ཚོའི་མི་རིགས། ང་ཚོའི་མང་ཚོགས་ཀྱིས་ཅི་ཞིག་གོན་པ་དང་། ཅི་ཞིག་ཟ་བ། ཅི་ཞིག་གི་ནང་དུ་འདུག་པ་དང་ཁོ་ཚོའི་རིག་གནས་ཡོན་ཚད་ཇི་འདྲ་ཡིན་པ་སོགས་ལ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས།

<