དགེ་རྒན་མཁའ་འབུམ་རྒྱལ་དང་ཁོང་གི་འཇའ་མོའི་དཔེ་མཛོད་ཁང་།

2019-04-30
0


འཇའ་མོའི་དཔེ་མཛོད་ཁང་ཕྱག་འདེབས་མཁན་དགེ་རྒན་མཁའ་འབུམ་རྒྱལ་ལགས།

     གང་དུ་དཔེ་ཀློག་གི་སྒྲ་དབྱངས་དང་སྙན་པ་ཡོད་ཚེ་དེ་རུ་འོད་དུ་འཚེར་བའི་ཤེས་རིག་གི་བཅུད་བཟང་ཡོད་ལ། གང་དུ་ཐོས་པ་འཚོལ་སའི་དབེན་གནས་ཀྱི་ཁོར་ཡུག་ཡོད་ཚེ་དེ་རུ་རེ་བའི་ཁེངས་པའི་ཡིད་ཆེས་ཀྱི་ས་བོན་ཡོད།

     དགེ་རྒན་མཁའ་འབུམ་རྒྱལ་ལགས་ནི་ཏག་ཏག་ས་བོན་དེ་བསྐྲུན་པའི་ལས་ལ་གཞོལ་མཁན་གྱི་མི་བུ་ལྷག་སེམས་ཅན་ཞིག་ཡིན། ཁོང་གིས་ལོ་ངོ་དུ་མའི་རིང་འབད་བརྩོན་ཆེན་པོ་ལ་བརྟེན་ནས་ད་ཆ་ཀུན་ལ་ངོམ་དུ་རུང་བའི་དཔེ་ཀློག་གི་བསྟི་གནས་བཟང་པོ་འཇའ་མོ་དཔེ་མཛོད་ཁང་འདི་བཙུགས་ཏེ། དཔེ་ཀློག་དང་དེའི་འཇིག་རྟེན་འཚོལ་བའི་ཀློག་པ་པོ་རྣམས་ལ་ཞི་འཇགས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད་པ་རེད།

     དཔེ་མཛོད་ཁང་དེ་རེབ་གོང་མཐིལ་གྱི་རོང་བོ་སྡེ་བདུན་གྱི་ནང་ཚན་འཇའ་མོའི་སྡེ་བ་དང་རོང་བོ་གྲོང་བརྡལ་གཉིས་ཀྱི་འདྲེས་མཚམས་ན་ཆགས་ཡོད་ཅིང་། རྒན་མཁའ་འབུམ་རྒྱལ་ལགས་ཀྱིས་གཙོ་འགན་ཁུར་ཏེ་བསྐྲུན་པའི་དམངས་ཁྲོད་ཀྱི་དཔེ་མཛོད་ཁང་ཞིག་རེད། དཔེ་མཛོད་ཁང་དེ་ནི་༢༠༡༡ལོའི་སྤྱི་ཟླ་བདུན་པའི་ཚེས་བཞི་ཉིན་སྤྱི་ཚོགས་ཡོངས་ལ་སྒོ་འབྱེད་བྱས།

     ༡༩༩༩ལོའི་ལོ་མཇུག་ནས་དཔེ་དེབ་ཉོ་སྒྲུབ་ཀྱི་འགོ་བཙུགས་ཏེ་ད་ལྟ་དཔེ་དེབ་དང་དུས་དེབ། དཔེ་ཆ་སྣ་རིང་། སྒྲ་ཐག་དང་བརྙན་སྡེར་བཅས་ཀྱི་རྒྱུ་ཆ་སྣ་ཚོགས་ཁྲི་ཁ་ལོངས་པ་བསགས་ཡོད། དཔེ་མཛོད་ཁང་འདི་ཐོག་མའི་དུས་སུ་མཁའ་འབུམ་རྒྱལ་ལགས་ཀྱིས་རང་ཁྱིམ་གྱི་ར་སྐོར་གྱི་ཆ་ཤས་ཞིག་ཏུ་ཁང་པ་ཟུར་སྐྲུན་གྱིས་དཔེ་དེབ་བཞུགས་ས་དང་ཀློག་པ་པོས་དཔེ་ཀློག་བྱེད་ས་ཞིག་བསྐྲུན་ན་ཡང་། རིམ་གྱིས་དཔེ་དེབ་བསགས་འབོར་མགྱོགས་འཕེལ་བྱུང་སྟབས་དེའི་ནང་ལ་མ་ཤོང་སྟེ༢༠༠༩ལོར་ད་ལྟའི་དཔེ་མཛོད་ཁང་གི་ཁང་བརྩེགས་འདི་རྒྱག་དགོས་བྱུང་འདུག

     ད་ལྟ་དཔེ་མཛོད་ཁང་དུ་དཔེ་ཀློག་ཁང་གཙོ་བོ་དང་། གསུང་རབ་ཁང་། དུས་དེབ་ཁང་། སྒྲ་གཟུགས་ཀྱི་རྒྱུ་ཆ་ཁང་། འཛིན་གྲྭ་དང་ཚོགས་འདུ་ཚོགས་ས་བཅས་ཀྱིས་གྲུབ་ཡོད། དེ་དག་ལས་དཔེ་ཀློག་ཁང་གཙོ་བོའི་ནང་དུ་བཅིངས་འགྲོལ་བྱས་ཚུན་ལ་མི་རིགས་དཔེ་སྐྲུན་ཁང་དང་པར་སྐྲུན་ཁང་དག་ནས་དཔེ་སྐྲུན་བྱས་པའི་བོད་རྒྱ་ཡིག་གི་དཔེ་དེབ་བརྒྱད་སྟོང་ལྷག་ཡོད། གསུང་རབ་ཁང་ན་བཀའ་བསྟན་གྱིས་གཙོས་གསུང་རབ་ཤིང་པར་མ་པོ་ཏི་ལྔ་བརྒྱ་ལ་ཉེ་བ་ཙམ་བཞུགས་ཡོད། གསུང་རབ་ཁང་གི་པོ་ཏིའི་གྲངས་ཀ་འབོར་ཆེན་མིན་ན་ཡང་། པོ་ཏི་ཕལ་ཆེ་བ་ད་བར་དུ་མི་རྣམས་ཀྱི་སྤྱོད་ཡུལ་མ་གྱུར་བའི་གསར་དུ་པར་སྐྲུན་བྱས་པའི་དཔེ་དཀོན་ཡིན། དུས་དེབ་ཁང་ནི་བོད་ཡིག་གི་དུས་དེབ་སྣ་ཚོགས་ཧ་ཅང་འཛོམས་ས་ཞིག་ཡིན། ད་བར་གྱི་ཡོངས་གྲགས་ཀྱི་དུས་དེབ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དང་སྦྲང་ཆར། བོད་ལྗོངས་ཞིབ་འཇུག་སོགས་གཞུང་སྒྲུབ་དུས་དེབ་མང་ཆེ་བ་ཁང་བ་འདིར་འཛོམས་ཡོད་པ་མ་ཟད། དེ་དག་གི་འདོན་ཐེངས་ཀྱང་མང་ཆེ་བ་འཛོམས་ཡོད། དེའི་སྟེང་ལ་དགོན་སྡེ་དང་ཚོགས་པ། དམངས་ཁྲོད་ཀྱི་དུས་དེབ་ཅི་ཐོན་མང་ཆེ་བ་ཕལ་ཆེར་འདིར་འཛོམས་ཡོད། གཞུང་སྒྲུབ་དང་སྒེར་སྒྲུབ་དུས་དེབ་སྣ་གྲངས་བསྡོམས་པས༣༠༥ལྷག་ཡོད་ལ། དེ་ལས་སྒེར་སྒྲུབ་དུས་དེབ་སྣ་གྲངས༡༦༠ལྷག་ལ་འདོན་ཐེངས་དེབ་གྲངས༡༢༠༠ ལྷག་ཡོད། སྤྱི་བསྡོམས་པའི་འདོན་ཐེངས་དེབ་གྲངས༣༦༠༠ལྷག་ཡོད།

     སྒྲ་བརྙན་ཁང་ནི་འོད་སྡེར་དང་། སྒྲ་ཐག བརྙན་ཐག་སོགས་གསོག་ས་དང་ལྟ་ཉན་བྱེད་ས་ཡིན། འདིའི་ནང་ན་འོད་སྡེར་དང་། སྒྲ་ཐག བརྙན་ཐག་གྲངས་ལྔ་བརྒྱ་ལ་ཉེ་བ་ཡོད་པའི་ནང་དུ། ད་བར་དུ་པར་སྐྲུན་བྱས་པའི་སྒྲ་གཟུགས་ཀྱི་རྒྱུ་ཆ་གལ་ཆེན་པོ་དང་མང་ཆེ་བ་འཛོམས་ཡོད་སྟབས། འདི་ཡང་བོད་ཡིག་གི་དཔེ་མཛོད་ཁང་གཞན་དུ་མཐོང་དཀོན་པའི་དམིགས་བསལ་གྱི་རྒྱུ་ཆའི་ཚོགས་ཤིག་ཡིན། རྒྱུ་ཆ་འདི་དག་མི་ཚོགས་ཀྱིས་མཉམ་དུ་ལྟ་ཉན་བྱེད་པའམ་ཡང་མི་རེ་རེས་རང་རང་གི་འདོད་མོས་ལྟར་ལྟ་ཉན་བྱེད་པའི་ཡོ་ཆས་སོགས་བསྒྲིགས་ཡོད་རེད།

     དཔེ་མཛོད་ཁང་འདིའི་ནང་དུ་ཀློག་པ་པོ་རིས་མེད་ལ་དབང་བའི་དཔེ་དེབ་སྣ་ཚོགས་འདུས་པར་མ་ཟད། ད་དུང་འཆར་གཞི་དང་ཐོས་པ་འཚོལ་སྟངས་གཞན་ཞིག་སྟེ་དབྱར་དགུན་གུང་གསེང་གི་སྐབས་སུ་དཔེ་དེབ་རི་གྲོང་དུ་བསྐྱོད་པ་ཞེས་པའི་དཔེ་མཛོད་ཁང་གི་དཔེ་དེབ་རི་གྲོང་དུ་བསྐྱལ་བའི་བྱ་འགུལ་སྤེལ་སྲོལ་ཡོད། 

     གཞན་ཀློག་པ་པོ་དབྱེར་མེད་ཀྱིས་རིན་མེད་དུ་ལྟ་ཀློག་ཉན་གསུམ་བྱེད་ས་ཞིག་དང་། རིག་གནས་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ས་ཞིག་ཀྱང་ཡིན་ཏེ། ལོ་རེའི་དབྱར་གནང་སྐབས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་མར་དབྱིན་ཡིག་གི་སྦྱོང་བརྡར་བྱས་པ་དང་། ཡིག་རྨོངས་སེལ་བའི་འཛིན་གྲྭ་དང་། བོད་སྲོལ་དམངས་ཁྲོད་ཀྱི་མིག་མངས་འགྲན་བསྡུར། བོད་ཕྲུག་གི་གཏམ་དཔེ་བཤད་པའི་འགྲན་བསྡུར་ལྟ་བུའི་ལས་འགུལ་སྣ་ཚོགས་ཡང་སྤེལ་བཞིན་ཡོད།

     དཔེ་ཀློག་གིས་བསྐྱེད་པའི་མི་ཚེ་ནི་ཤོག་ངོས་ཀྱི་འཐབ་འཛིང་ཙམ་མ་ཡིན་ལ་རང་སེམས་གསོ་སྦྱོང་དང་ཐོས་པ་རྒྱ་ཆེར་འཕེལ་བའི་སྒོ་ཞིག་ཏུ་ངོས་བཟུང་ཆོག་པར་སྙམ། དཔེ་ཀློག་ངང་འཚོ་བ་ནི་ཀློག་པ་པོ་ཞིག་ལ་མཚོན་ན་གོམ་མཐའི་ས་ལས་མ་བརྒལ་བར་འཛམ་གླིང་གི་ཕྱོགས་མཐར་མིག་གཡེང་བྱེད་ཐུབ་པ་དང་། དཔེ་ཀློག་གི་དགེ་མཚན་དང་དཔེ་ཀློག་གིས་བསྐྱེད་པའི་མི་རིགས་ནི་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པའི་དཔང་རྟགས་ནི་བདེན་དུ་ཆུགས་ཀྱང་དཔེ་ཀློག་མེད་པའི་མི་རིགས་ནི་རེ་བ་མེད་པའི་མི་རིགས་ཡིན་པ་ནི་མངོན་སུམ་གྱིས་གྲུབ། 

     དགེ་རྒན་མཁའ་འབུམ་རྒྱལ་ལགས་ཀྱིས་གཙོ་འགན་བཞེས་པའི་འཇའ་མོའི་དཔེ་མཛོད་ཁང་འདིས་བོད་ཀྱི་རིག་གནས་ཀྱི་ཕྱོགས་གང་ཐད་ནས་འཐུས་སྒོ་ཆ་ཚང་བ་ཞིག་ཡོང་ཆེད་གསུང་རབ་སྣ་ཚོགས་དང་དུས་དེབ། སྒྲ་ཐག་དང་བརྙན་གཟུགས་ཀྱི་འཆད་ཁྲིད་སྣ་ཚོགས་དང་དམངས་སྲོལ་གྱི་རྒྱུ་ཆ་སྣ་ཚོགས་ཤིག་ཉར་ཚགས་དང་འཚོལ་སྡུད་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་སྒོ་ཀུན་ལ་ཞབས་ཞུ་གང་ལེགས་དང་མཛད་རྗེས་འཇོག་དང་འཇོག་བཞིན་པའི་སྒང་ཡིན་ནོ། །

     འཇའ་མོའི་དཔེ་མཛོད་ཁང་འདིས་དབྱར་གནང་གི་གུང་གསེང་སྐབས་སུ་འདི་གར་སློབ་གྲྭ་སོ་སོའི་སློབ་མ་དག་ལ་རིན་མེད་ཀྱིས་གསབ་སྦྱོང་བྱས་དང་བྱེད་མུས་རེད་ལ། ད་ཆ་ཀློག་པ་པོ་ཕུད། གཞུང་འབྲེལ་ལས་ཁུངས་དང་། ཚོགས་པ། སློབ་གྲྭ་དང་ཞིབ་འཇུག་ཁང་རྣམས་ཀྱིས་འདི་གར་ཚོགས་འདུ་དང་ཟབ་སྦྱོང་། རིག་གནས་ཀྱི་ལས་འགུལ་སོགས་སྤེལ་བར་མཐུན་རྐྱེན་བསྐྲུན་ཡོད་ཅེས་ཕྱོགས་ཡོངས་ཀྱི་སྐུ་མགྲོན་ལ་ལྷག་བསམ་ཟོལ་མེད་ཀྱིས་དགའ་བསུ་ཞུ་བཞིན་ཡོད་པ་རེད། 


  • 顶 0