གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པ།

2017-01-22

   

  སྤྱི་ཟླ༨པའི་ཚེས༦ཉིན་གྱི་སྔ་དྲོ། གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་སྐབས་གཉིས་པའི་ཟབ་སྦྱོང་འཛིན་གྲྭའི་དགེ་སློབ་གཉིས་ལ་བྱ་དགའ་ཕུལ་བའི་མཛད་སྒོ་དེ། གཅན་ཚ་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་སློབ་གྲྭའི་ར་སྐོར་ནང་ནས་གཟབ་རྒྱས་ཆེན་པོའི་ངང་བསྡུས། མཛད་སྒོ་འདིའི་སྟེང་དུ་མཚན་འཛིན་ཚོགས་གཙོ་ཨ་ལགས་ཀོའུ་བ་རིན་པོ་ཆེ་ཚང་དང་། ལྷ་སྡེ་སྤྲུལ་སྐུ་ཚུལ་ཁྲིམས་རྒྱ་མཚོ་རྣམ་གཉིས་གཙོ་བྱས་ཏེ། ཚོགས་གཙོ་ཙི་བྷ་རྡོ་དང་ཚོགས་མི་ལྔ་བཅུ་ནས་དྲུག་ཅུ་ཙམ། དགེ་སློབ་དང་ཁྱིམ་བདག་བསྡོམས་པས་མི་སྣ་ལྔ་བརྒྱ་ནས་དྲུག་བརྒྱ་ལྷག་མཛད་སྒོ་འདིའི་སྟེང་དུ་ཞུགས་ཡོད། 

 

  ཚོགས་མིའི་མདོ་འཛིན་པ་བློ་བཟང་ཉི་མ་ལགས་ཀྱིས་སྨྲ་སྒོ་དག་ཅིང་གསོན་ཉམས་ལྡན་པའི་སྒོ་ནས་མཛད་སྒོའི་ཚོགས་འགོ་རྩོམ་པའི་མདོ་འཛིན་བྱས་པ་དང་མཉམ་དུ། ད་ཐེངས་ཟབ་སྦྱོང་འཛིན་གྲྭའི་དམིགས་ཡུལ་གཙོ་བོ་ནི་དགེ་སློབ་གཉི་གའི་བསམ་བློ་ཀུན་སྤྱོད་གཙོར་བཟུང་བྱེད་དགོས་པར་དམིགས་ཏེ། ཨ་ལགས་ཀོའུ་བ་ཚང་གིས༼འཚེ་མེད་ཞི་བདེའི་འབོད་སྐུལ༽ཞེས་པའི་སློབ་དེབ་ཅིག་བསྒྲིགས་ཏེ། དགེ་སློབ་ཡོངས་ཀྱིས་འདིའི་ནང་གི་ནང་དོན་ཡོངས་ལ་སློབ་སྦྱོང་བྱས་ཏེ། བསམ་བློའི་ངོས་ཟིན་མི་དམན་པ་ཐོབ་ཏུ་འཇུག་ཆེད།  དགེ་སློབ་གཉིས་ཀའི༼སྣོད་བཅུད་རྟེན་འབྱུང་དང་འབྲེལ་བའི་གདམས་ངག་ཉུང་ངུའི་ཚིགས་བཅད་དུ་བསྡེབས་པ་དགེ༽ཞེས་པ་དང་། ༼རྫས་ངན་ཐ་མ་ཁའི་ཉེས་པ་བསྟན་པ་ལོག་ལམ་སེལ་བའི་ཉེན་བརྡ་ཞེས་བྱ་བ་བཞུགས་སོ༽དང་། ༼ཆང་གི་ཉེས་དམིགས་བརྗོད་པ་ངན་འགྲོའི་གཡང་ལས་སྐྱོབ་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ༽ཞེས་པ་གསུམ་གྱི་ནང་དོན་ལ་ཚང་མས་ངོས་ཟིན་གསལ་བོར་བྱུང་ནས། མཐོ་འབྲིང་འཛིན་གྲྭ་གཉིས་ཀྱི་ནང་གི་སློབ་མ་ཕོ་འགའ་ཡིས་མ་སྐུལ་དང་བླངས་སྒོས་སྔོན་ཆད་དུ་བ་འཐེན་གྱི་ཡོད་པ་ལ་འགྱོད་བཤགས་དང་། ཕྱིན་ཆད་དུ་བ་མི་འཐེན་པར་གཅོད་འདོད་ཀྱི་ཆོད་སེམས་ཡོད་པའི་རྣམ་འགྱུར་དྲང་མོ་བསྟན། གཞན་ཡང་སློབ་མ་བུ་མོ་བཅུ་ཕྲག་འགའ་ཡིས་རང་གི་ཁྱིམ་མི་རྣམ་པའི་ནང་དུ་དུ་ཆང་ལ་རོལ་མཁན་ཡོད་པ་རྣམས་ལ་སློབ་དེབ་འདིའི་ནང་གི་ཉེས་དམིགས་རྣམས་བརྗོད་དེ། ཐབས་བརྒྱ་ཇུས་སྟོང་གིས་ཁྱིམ་མི་དེ་དག་ལ་དུ་ཆང་གཅོད་དུ་འཇུག་པའི་ཆོད་སེམས་དང་གདེང་ཚོད་ཡོད་པར་བཤད།

  དེ་དང་བསྟུན་ནས་མཛད་སྒོ་སྟེང་དུ་སློབ་བུ་བཅུ་ཕྲག་འགའ་ཡིས་སྣོད་བཅུད་རྟེན་འབྱུང་ལ་སྲུང་སྐྱོབ་བྱེད་དགོས་ཚུལ་དང་། དུ་ཆང་གི་ཉེས་དམིགས་ལ་ལུང་དང་རིགས་པ་མང་པོ་དྲངས་ནས་གཏམ་བཤད་སྤེལ་བ་ལ་ཚོགས་ར་ཡོངས་དགའ་སྤྲོའི་ཐལ་སྒྲའི་ཁེངས།

     

  སྔོན་ལ་མཚན་འཛིན་ཚོགས་གཙོ་རྣམ་གཉིས་ཀྱིས་གསུང་བཤད་གལ་ཆེན་གནང་བ་དང་། དེ་རྗེས་དགེ་རྒན་གྱི་འཐུས་ཚབ་དང་། ཚོགས་གཙོ། ཚོགས་མི་འཐུས་ཚབ་པ་འགའ་ཡིས་གཏམ་བཤད་སྤེལ་རྗེས། ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭ་འདིར་ཞུགས་པའི་བསླབ་ཁག་སོ་སོ་ལ་སྦྱངས་འབྲས་འབུར་ཐོན་ཡིན་པའི་སློབ་མ་རྣམས་དང་།  བོད་ཡིག་ངོས་འཛིན་ཀློག་སྦྱོར་ལ་ཞུགས་པའི་འཛིན་གྲྭའི་སློབ་མ་ཡོངས། ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭ་འདིའི་དགེ་རྒན་ཡོངས་བཅས་དགེ་སློབ་བདུན་ཅུ་ལྷག་ལ་བྱ་དགའ་ལེགས་སྐྱེས་བསྩལ་བ་རེད། 

 

   མགོ་བཀྲ་ཤིས་ཤིང་། བར་ཡག་པ། མཇུག་བཀྲ་ཤིས་སྨོན་ཚིག་གིས་བསྡུས་ཏེ་མཛད་སྒོ་འདི་བདེ་བླག་ངང་མཇུག་སྒྲིལ་སོང་བ་རེད། མཐའ་མར་ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་ཡོངས་དང་། མཚན་འཛིན་ཚོགས་གཙོ་རྣམ་གཉིས་གཙོ་བྱས་ཏེ། ཚོགས་གཙོ་དང་། ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭ་འདིའི་མགོ་རྔ་བར་གསུམ་གྱི་བྱ་བར་ཧུར་ཐག་གིས་འབད་པའི་ཚོགས་མི་འགའ་ཤས་དང་མཉམ་དུ་དྲན་རྟེན་མཉམ་པར་བླངས་ནས་བྱ་འགུལ་གྱི་གོ་རིམ་ཡོངས་མཇུག་རྫོགས་སོ།། 

 

    མཐའ་མར་གཅན་ཚའི་རིག་གནས་སློབ་གསོ་ཡར་སྐུལ་ཚོགས་པའི་ཚོགས་མི་རྣམས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། བོད་ཁམས་སྤྱི་དང་ལྷག་པར་དུ་གཙན་ཚ་ས་ཁུལ་གྱི་སྐད་དང་ཡི་གེ། རིག་གནས་མི་ཉམས་གོང་འཕེལ་དུ་གཏོང་བའི་ཕྱོགས་སུ་སེམས་ཤུགས་བློ་རྩ་མི་ཉམས་པ་བྱེད་རྒྱུ་ནི་བློ་དམན་བདག་གི་སྙིང་ཁོང་རུས་པའི་སྟེང་ནས་ཐོན་པའི་རེ་འདུན་ཉག་ཅིག་ཡིན་ནོ།། 

<