ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ

2016-09-28

ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ

  ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི། དབུས་གནའ་གྲོང་ལྷ་ས་གྲོང་ཁྱེར་ཉང་བྲན་ལམ་སྒོ་རྟགས་བཞི་བཅུ་ཞེ་གསུམ་དུ་གནས་ཡོད་ཅིང་། 1975ལོར་དངོས་སུ་དབུ་བརྙེས་ཞིང་ད་ལྟའི་བར་དུ་ལོ་ངོ37ལྷག་གི་ལོ་རྒྱུས་ལྡན། སློབ་གྲྭ་འདི་ནི་དང་ཐོག་སློབ་ཆུང་དང་སློབ་འབྲིང་གི་རྐང་འཛིན་དགེ་རྒན་གསོ་སྦྱོང་ལྟེ་གནས་ཡིན་ལ། ཐོག་མར་ལྷ་ས་དགེ་འོས་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་ད་ལྟ་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲའི་མཚན་སྙན་ཐོབ་། དེ་བཞིན2012ལོ་ནས་བཟུང་དངོས་གཞིའི་ཆེད་ལས་ཀྱི་འཛིན་གྲྭ་ཁ་ཤས་ཡང་བསྡུ་འགོ་བརྩམས། སྤྱིར་དགེ་རྒན་ཆེད་ལས་གཙོ་བོར་བྱས་ནས་སློབ་གྲྭ་བཙུགས་པ་ཡིན་རུང་དགེ་འོས་ཆེད་ལས་མིན་པའི་འཛིན་གྲྭ་ཡང་འགའ་ཤས་ཡོད། སློབ་གླིང་འདིའི་ནང་སྐད་ཡིག་རིག་གཞུང་ཚན་ཁག་དང་། སློབ་གསོ་ཚན་ཁག  ལུས་རྩལ་དང་སྒྱུ་རྩལ་ཚན་ཁག རྩིས་རིག་དང་རང་བྱུང་ཚན་ཁག  ཆབ་སྲིད་དོ་དམ་ཚན་ཁག  ཆ་འཕྲིན་ལག་རྩལ་ཚན་ཁག  མུ་མཐུད་སློབ་གསོ་ཚན་ཁག དབྱར་གསེང་དང་དགུན་གསེང་རིང་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་སོགས་ལས་གྲུབ་པ་ཡིན། དགེ་སློབ་ཁྱོན་བསྡོམས་གྲངས་འབོར་སྟོང་གསུམ་ལྷག་ལས་གྲུབ་པའི་སློབ་ཆེན་གྱི་ཤེས་རིག་དགའ་བའི་ཚལ་ཡིན།

  བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལྷ་ས་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་སློབ་གསོ་དར་སྤེལ་དང་སློབ་གསོའི་དམིགས་ཡུལ། ཁ་ཕྱོགས་དང་ཡར་སྐུལ་ཐད་སློབ་གྲྭ་དེ་ག་ནས་དགེ་བའི་བཤེས་གཉེན་གྱི་ལས་ཀ་འཇུག་མཁན་རྒྱུན་ཆད་མེད་ཅིང་། དཀའ་ཁག་གང་མང་ཁྱད་དུ་བསད་ནས་བོད་ལྗོངས་ཀྱི་སློབ་གསོའི་ཐད་ནུས་པ་ཤུགས་ཆེན་བཏོན་དང་འདོན་བཞིན་མཆིས།

ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་དཔེ་མཛོད་ཁང་། 

  ལྷག་པར་དུ2007ལོར་མདོ་སྨད་ཨ་མདོའི་རྒན་བྱ་གཞུང་དབྱངས་པ་ལགས་ཀྱིས་སྣེ་འཁྲིད་དེ་ཁྲིམས་མཐུན་ངང་ལྷ་ས་དགེ་འོས་ཚགས་པར་ཐོག་མར་འདོན་འགོ་ཚུགས།དགེ་རྒན་ཁོང་དང་འདྲ་བའི་སློབ་གྲྭ་འདིའི་ནང་གི་སྐད་ཡིག་རིག་གཞུང་ཚན་ཁག་གི་བོད་ཡིག་སློབ་དཔྱོད་ཁང་གི་རྒན་བསྟན་འཛིན་ལགས་དང་། སྐལ་བཟང་གཡུང་དྲུང་ལགས། བཀྲ་ཤིས་བསམ་གྲུབ་ལགས། རིག་ཞོལ་བུ་ཆུང་ལགས། བསྟན་འཛིན་བསྐལ་བཟང་ལགས། བསོད་ནམས་མཆོག་སྐྱིད་ལགས། ལྷག་པ་ཕན་ཐོགས་ལགས། ཚེ་རིང་བུ་ཁྲིད་ལགས། བློ་རྣམ་ལགས། སྤེན་པ་བཀྲ་ཤིས་ལགས། དཔལ་འབྱོར་ལགས་གཙོས་པའི་ཐུགས་ཁུར་འོག་ད་བར་དགེ་འོས་ཚགས་པར་འདོན་ཐེངས30ལྷག་སྤེལ། ཚགས་པར་འདིས་སློབ་གྲྭ་དེ་མ་ཡིན་པར་དབུས་ལྷ་སའི་རྩོམ་རིག་གི་ཞིང་ས་ལ་ཕན་འབྲས་ཤུགས་ཆེན་ཐོན་ཐུབ་པར་སྣང་། དེ་བཞིན་གཡུ་ཆུང་གྲུ་དཀར་ཚོགས་པས་སློབ་མས་ཁྲིམས་མཐུན་དང་སློབ་གྲྭའི་སྒྲིག་སྲོལ་མི་འགལ་བའི་སློབ་རྭའི་རིག་གནས་ཁོར་ཡུག་ལ་ནུས་པ་ཐོན་ཞིང་། ད་བར་བགྲོ་གླིང་དང་། སློབ་ཞོར་དུ་བོད་ཡིག་ཡིག་གཏག་སྦྱོང་བ། སྙན་ངག་གྱེར་འདོན་བྱེད་པ། ཆོས་འཛིན་ཕན་བདེ་ཁང་དང་ཞོལ་འདོད་དཔལ་སྒྱུ་རྩལ་སློབ་གྲྭ་སོགས་ལ་ཕན་བདེའི་བྱ་བཞག་དང་རྒན་གསོ་ཁང་། དམིགས་བསལ་སློབ་གྲྭ་བཅས་ལ་ནང་ཁུལ་གྱི་ཚོགས་མི་སྐུལ་སློང་བྱས་ནས་སྤྱི་ཚོགས་ཕན་བདེའི་བྱ་བཞག་གང་ནུས་སྒྲུབ་ཀྱིན་འདུག རྩོམ་ཡིག་འགྲན་བསྡུར། སྙན་ངག་གྱེར་འདོན་འགྲན་བསྡུར་བཅས་ལས་སློབ་རྭ་འདི་དབུས་ལྷ་སའི་ནང་གི་སློབ་གླིང་དག་ལས་ཅུང་ཟད་རིག་གནས་ཀྱི་ཚ་རླབས་ཕྱུར་ས་དང་། རིག་གནས་ཀྱི་བྱེད་སྒོ་མང་ས། ཐུན་མོང་གི་སྤྱི་ཚོགས་ཕན་བདེའི་བྱ་བཞག་ལས་སྤྱི་ཚོགས་ཀྱི་ཉམས་མྱོང་ལེགས་པར་ཐོབ་པའི་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་གྱི་སློབ་མ་མང་པོ་སྐྱེད་སྲིང་བྱས།

<