འཛམ་གླིང་ན་སྙན་གྲགས་ཆེ་བའི་སློབ་གྲྭ་ཆེན་མོ།

2016-09-27
 ཞི་ཉི་སློབ་ཆེན་(悉尼大学)ནི ་ཨོ་སི་ཁྲུ་ལི ་ཡའི་ལོ་རྒྱུས་སུ་དུས་ཡུན་ཧ་ཅང་རིང་ཞིང་སྙན་གྲགས་ཤིན་ཏུ་ཆེ་བའི་སློབ་གྲྭ་ཆེན་མོ་ཞིག་ཡིན་པས།“ཨོ་སི་ཁྲི་ལི་ཡའི་སློབ་ཆེན་ཨང་དང་པོ་ཡིན”ཞེས་ཀུན་གྱིས་བསྟོད་བསྔགས་བྱེད་པ་མ་ཟད།འཛམ་གླིང་ཡོངས་ནས་ཀྱང་མཐོ་རིམ་སློབ་ཆེན་ཕུལ་བྱུང་གི་གྲས་ཡིན།དེ་ཡང་སློབ་ཆེན་འདི1850ལོར་བཙུགས་པ་དང་།ད་ལྟ་སློབ་གྲྭར་སློབ་མ40000ཡོད་པས།ཨོ་སི་ཁྲུ་ལི་ཡ་ནས་ཆེས་ཆེ་བའི་སློབ་ཆེན་ཞིག་ཡིན།སློབ་ཁུལ་གཙོ་བོ་ནི་ཞིན་ནན་ཝེ་ཨེར་སི་ཁུལ(新南威尔斯州)གྱི་ལྟེ་གནས་ཏེ་གྲོང་ཁྱེར་ཞི་ཉིའི་ལྟེ་བའི་ནུབ་ལྷོའི་ཕྱོགས་སུ་གནས་ཡོད་ཅིང་།གཞི་ཁྱོན་ལ་སྤྱི་ཆིང་72ཡོད་པ་དང་།དེར་གསོ་རིག་དང་རིག་ཚན།བཟོ་བཀོད་བཅས་ཀྱི་སློབ་ཚན་བཙུགས་ཡོད་པ་དང་།གནའ་བོའི་ཁྱད་ཆོས་ལྡན་པའི་སློབ་མའི་སྡོད་ཁང་དེ་དག་ནི་1857ལོར་བཙུགས་སྟབས།ཨོ་སི་ཁྲུ་ལི་ཡའི་སྲོལ་རྒྱུན་གྱི་རྩིག་ལས་དང་རིག་གནས་ཀྱི་ཁྱད་ཆོས་མངོན་པ་རེད།
ཞི་ཉི་སློབ་ཆེན་ལ་ཆོས་ལུགས་ཀྱི་གྲུབ་མཐའ་ལྟར་ཕྱེ་བའི་བཅའ་སྡོད་སློབ་གླིང6ཡོད་པ་ནི་ཧྲེང་པའོ་ལུའོ་སློབ་གླིང་དང་(ལྷ་སྤྱིའི་ཚོགས་པ།1854ལོ)དང་ཧྲེན་ཡུའེ་ཧན་སློབ་གླིང(གནམ་བདག་ཆོས་ལུགས1857ལོ)།ཧྲེན་ཨན་ཏེ་ལིའེ་སློབ་གླིང(རྒན་རབས་ཚོགས་པ།1867ལོ།)བུད་མེད་སློབ་གླིང(གྲུབ་མཐའི་དབྱེ་བ་མི་འབྱེད་པ།1889ལོ)།ཝེ་སི་ལི་སློབ་གླིང་(ཝེ་ལེ་ཀུང་ཧུའེ་གྲུབ་མཐའ།1910ལོ)།ཧྲེན་སུའུ་ཧྥེ་ཡ་སློབ་གླིང(གནམ་བདག་ཆོས་ལུགས་ཀྱི་བུད་མེད་སློབ་གྲྭ།1929ལོ་)སོགས་ཡིན།
1881ལོ་ནས་བཟུང་།ཞི་ཉི་སློབ་ཆེན་གྱིས་བུ་མོ་སློབ་མ་བསྡུ་བའི་མགོ་བརྩམས་ཤིང་།འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་སྒེར་བཙུགས་ནས་གཞུང་བཙུགས་སུ་བསྒྱུར་ནས།བདག་གཉེར་དོ་དམ་གྱི་སྒྲིག་གཞི་རིམ་པ་གསུམ་སྟེ་ལྟེ་གནས་དང་སློབ་གླིང་།སྡེ་ཁག་བཅས་སུ་བགོས་པ་དང་།རྩོམ་རིག་དང་ཁྲིམས་རིག དཔལ་འབྱོར།བཟོ་སྐྲུན།གསོ་རིག གནས་ལུགས་རིག་པ།ཨར་ལས།ཞིང་ལས་རིག་པ།སོ་ནད་ཚན་ཁག ཕྱུགས་ནད་རིག་པ་སློབ་གླིང་10བཙུགས་ཡོད།དེའི་ནང་གི་རྩོམ་རིག་སློབ་གླིང་གི་གཞི་ཁྱོན་ཆེས་ཆེ་སྟེ་སྡེ་ཁག21ཡོད་པར་མ་ཟད།ད་དུང་རྡུལ་ཕྲན་ཞིབ་འཇུག་ཐེབས་རྩའི་ཚོགས་པ་དང་རྒྱལ་མོ་དབྱི་ལི་ཧྲ་པའེ་བུད་མེད་དང་ཕྲུ་གུའི་ཞིབ་འཇུག་ཁང་།ཨོ་སི་ཁྲུ་ལི་ཡའི་སྐད་རིགས་ཞིབ་འཇུག་ལྟེ་གནས།གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཞིབ་འཇུག་ཁང་།ཟློས་གར་རྩལ་སྦྱོང་ཁང་།པའོ་ཨེར་མཛེས་རྩལ་ཞིབ་འཇུག་ཁང་།ཞི་ཉི་དགེ་འོས་སློབ་གླིང་།ནག་ཉེས་རིག་པའི་ཞིབ་འཇུག་ཁང་དང་རྒྱལ་ཕྲན་འཕྲོད་བསྟེན་པུའུ་ཡིས་རོགས་སྐྱོར་བྱས་པའི་སྤྱི་པའི་འཕྲོད་བསྟེན་དང་ཚ་ཁུལ་འཕྲོད་བསྟེན་སློབ་གླིང་སོགས་བཙུགས་ཡོད་པ་དང་།སློབ་གླིང་དེ་དག་ཏུ་བཙུགས་ཡོད་པའི་ཚན་ཁག་རྣམས་ཀྱི་ཁྱབ་ཁོངས་ཆེ་ལ་ཆེད་ལས་འདྲ་མིན་སྣ་ཚོགས་ཡོད་པ་སྟེ།བསྡོམས་པས་ཆེད་ལས80ལྷག་ལ་འབུམ་རམས་པའི་མིང་བཏགས་གནང་ཆོག
ལོ་ངོ150རིང་ལ།ཞི་ཉི་སློབ་ཆེན་གྱིས་ཨོ་སི་ཁྲི་ལི་ཡ་དང་།འཛམ་གླིང་གི་མིའི་རིགས་གོང་དུ་འཕེལ་བར་བྱས་རྗེས་ཆེན་པོ་བཞག་ཡོད་པས།སློབ་ཆེན་འདིས་དུས་ཡུན་རིང་བོའི་ལོ་རྒྱུས་དང་དབང་གྲགས་ཆེ་བའི་གྲུབ་འབྲས་ལ་བརྟེན་ནས་“སའི་གོ་ལའི་བྱེད་ལྷོ་མའི་ཉིའུ་ཅིན་སློབ་ཆེན”(Oxford in South Hemishere)ཞེས་པའི་མཚན་སྙན་ཐོབ་ཡོད།
གཞན་ཡང་ཞི་ཉི་སློབ་ཆེན་ནི་ཨོ་སི་ཁྲི་ལི་ཡའི་དམངས་ཁྲོད་དུ་ཨོ་སི་ཁྲུ་ལི་ཡའི་ཆེས་བཟང་བའི་སློབ་ཆེན་ཞིག་ཡིན་པ་ཀུན་གྱིས་ཁས་ལེན་ཞིང་།2005ལོ་ནས་ད་ལྟའི་བར་ཨོ་སི་ཁྲུ་ལི་ཡ་ཡོངས་སུ་དངོས་གཞིའི་ཚན་ཁག་གི་ཐེམ་སྒོ་ཆེས་མཐོ་བའི་ཆེད་ལས་ནི་ཞི་ཉི་སློབ་ཆེན་གྱི་ཁྲིམས་རིག་དང་མཁའ་སྐྱོད་འཕུར་སྐྱོད་རིག་པ་གཉིས་ཡིན།དེའི་ཕྱིར་ཨོ་སི་ཁྲུ་ལི་ཡ་དང་ཐ་ན་རྒྱ་མཚོ་ཆེན་པོའི་གླིང་ཆེན་ཡོངས་ཀྱི་ཕུལ་བྱུང་སློབ་མ་རྣམས་ཆེད་ལས་དེ་གཉིས་སུ་སྐྱེད་མོས་ཚལ་ལ་བུང་བ་བཞིན་དུ་འདུས།དེར་མ་ཟད་སློབ་ཆེན་འདིའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་ཀྱང་ཧ་ཅང་ལེགས་པས།སློབ་ཆེན་འདི་དང་UNSWkགཉིས་ནི་ཨོ་སི་ཁྲུ་ལི་ཡ་ཡོངས་སུ་སློབ་ཆེན་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ཀྱི་སྤུས་ཚད་ཆེས་བཟང་བའི་སློབ་ཆེན་གཉིས་ཡིན་ཞེས་ཀུན་ལ་གྲགས།
ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་རྒྱལ་སྤྱིའི་རིག་གཞུང་གི་གྲུབ་འབྲས་གཟེངས་སུ་ཐོན་པའི་སློབ་ཆེན་འདི་ནི་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་ལས་ཁུངས་གཙོ་བོ་ཞིག་ཀྱང་ཡིན་པས།རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སློབ་གསོའི་སྤུས་ཚད་ཨུ་ཡོན་ལྷན་ཁང་གིས་སློབ་གྲྭ་འདི་ཉིད་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ན་ཆེས་བཟང་བའི་སློབ་ཆེན་ཁྲོད་ཀྱི་གཅིག་ཡིན་པའི་མཚན་སྙན་གནང་།གཞན་ཡང་སློབ་གྲྭ་འདི་ཨོ་སི་ཁྲུ་ལི་ཡའི་སྔོན་ཁྲིད་རིག་གཞུང་སློབ་ཁྲིད་ཞིབ་འཇུག་སྒྲིག་གཞི་བརྒྱད་ནང་གི་ཁོངས་མི་གཅིག་ཡིན་ལ།སློབ་ཆེན་གཉིས་ཁོ་ནས་གྲུབ་པའི་མེ་གླིང་ལྷོ་བྱང་དང་ཡ་གླིང་ཞི་བདེ་རྒྱ་མཚོ་ཆེན་པོའི་སློབ་ཆེན་ཕུལ་བྱུང་ནང་གི་ཁོངས་མིའང་ཡིན།སློབ་ཆེན་འདིར་དགེ་སློབ་6000ལྷག་ཞིབ་འཇུག་གི་བྱ་བར་ཞུགས་ཡོད་པས།1998ལོར་ཨོ་སི་ཁྲུ་ལི་ཡའི་ཞིབ་འཇུག་ཨུ་ཡོན་ལྷན་ཁང་གིས་ལས་གཞིའི་རྣམ་གྲངས80ལ་རོགས་དངུལ་འབོར་ཆེན་བཏང་ཞིང་།ཐོབ་སྐལ་དེ་ནི་ཨོ་སི་ཁྲུ་ལི་ཡའི་སྒྲིག་གཞི་ཡོད་ཚད་ལས་གྲངས་ཀ་ཆེས་མང་ཤོས་ཡིན།
སྤྱིར་ཤེས་ལྡན་མི་སྣ་བཟང་བོ་ཞིག་སྐྱེད་སྲིང་བྱེད་རྒྱུ་ནི་ཕུལ་བྱུང་སློབ་ཆེན་ཞིག་གི་མཐར་ཐུག་གི་དམིགས་ཚད་ཡིན་ལ།ཞི་ཉི་སློབ་ཆེན་གྱི་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་བའི་སྙན་གྲགས་ནི་རྒྱལ་སྤྱི་ཡོངས་སུ་ཁྱབ་པ་དང་།མཐར་ཕྱིན་སློབ་མ་རྣམས་ཀྱིས་ལས་རིགས་སོ་སོར་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་ཡོད་ཅིང་།དེའི་ཁྲོད་ནས་སྒྱུ་རྩལ་པ་དང་ཚན་རིག་པ།རྒྱལ་ཁབ་སྲིད་གཞུང་གི་གཙོ་འཛིན།ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རིམ་པའི་ལུས་རྩལ་པ་སོགས་ཡོད་པ་དང་།དེའི་ནང་དུ་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་གསུམ་དང་།ནོ་པེར་རྫས་འགྱུར་དང་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན།འཛམ་གླིང་དངུལ་ཁང་གི་གཙོ་འཛིན་སོགས་འདུས་ཡོད།
ཞི་ཉི་སློབ་ཆེན་ནི་ཕྱི་གླིང་སློབ་མ་རྣམས་ཀྱིས་དགའ་བསུ་བྱེད་པའི་སློབ་ཆེན་ཞིག་ཀྱང་ཡིན།དེར་སའི་གོ་ལའི་ཕྱེད་ལྷོ་མར་ཆེས་ཆེ་བའི་དཔེ་མཛོད་ཁང་ཡོད་པ་དང་།དེ་ནི་ཆེད་ལས་དཔེ་མཛོད་ཁང26གིས་གྲུབ་པ་ཡིན་ཞིང་།དེར་དཔེ་དེབ་ཁྲི་ཚོ་450བསྡུ་ཉར་བྱས་ཡོད་པར་མ་ཟད།སྔོན་ཐོན་གྱི་རྩིས་འཁོར་བཤེར་འཚོལ་མ་ལག་ལྡན་པ་དང་།གྲོང་ཁྱེར་ཞི་ཉིའི་དཔེ་མཛོད་ཁང་གཞན་དག་ལའང་དྲ་ཐོག་ནས་འབྲེལ་ཡོད་པས།དེག་སློབ་རྣམས་ཀྱིས་དཔྱད་ཡིག་གང་མཁོ་རྙེད་ཐུབ་པ་རེད།
དུས་ཡུན་རིང་བོར་ཞི་ཉི་སློབ་ཆེན་གྱིས་གཟེངས་སུ་ཐོན་པའི་རིག་གཞུང་གི་གྲུབ་འབྲས་དང་སྤུས་ཚད་ཆེས་བཟང་བའི་སློབ་ཁྲིད་ལ་བརྟེན་ནས་རང་གི་སྙན་གྲགས་འཛམ་གླིང་དུ་ཁྱབ་པར་བྱས་ཤིང་།ཕུལ་བྱུང་ཚན་ཁག་གཙོ་བོར་གསོ་རིག་དང་བཅའ་ཁྲིམས།རིག་གནས་ཚན་ཁག ཚོང་དོན་ཚན་ཁག རོལ་དབྱངས།རྒྱ་མཚོའི་སྐྱེ་དངོས་སོགས་ཡོད།ཁྱད་པར་དུ་སློབ་གྲྭ་དེས་ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་དང་རིག་གནས།སྤྱི་ཚོགས་ཀྱི་ཕན་བདེ་བཅས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།།

 


<