བོད་ལྗོངས་སློབ་ཆེན།

2016-09-27
  བོད་ལྗོངས་སློབ་གྲྭ་ཆེན་མོ་ནི་ཐོག་མར་སྤྱི་ལོ་༡༩༥༢ལོ་ནས་དབུ་ཚུགས་པ་ཡིན་ཞིང་། ད་ལྟ་ལྷ་ས་སློབ་ཁུལ་དང་ཉིང་ཁྲི་སློབ་ཁུལ་གཉིས་ཡོད། སློབ་གྲྭའི་ལྟེ་གནས་དེ་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་ཆགས་ཡོད་ལ། རྒྱ་ཁྱོན་ཡོངས་ལ་ཀུང་ཆིང་༡༨༩༤ཟིན་པའི་ཁྲོད་འཛུགས་སྐྲུན་རྒྱ་ཁྱོན་གྱིས་རྨི་ངོས་གྲུ་མ་ཁྲི་༡༧༢ཟིན་པ་དང་། ནགས་བཟོའི་རྒྱ་ཁྱོན་གྱིས་རྨིད་ངོས་གྲུ་བཞི་མ་ཁྲི་༢༣༧ཟིན་ཡོད། སློབ་གྲྭར་རྩོམ་རིག་སློབ་གླིང་དང་། རང་བྱུང་ཚན་རིག་སློབ་གླིང་། བཟོ་རྩལ་སློབ་གླིང་། ཞིང་ལས་རིག་པའི་སློབ་གླིང་། དཔལ་འབྱོར་དོ་དམ་སློབ་གླིང་། ཡུལ་སྐོར་དང་ཕྱི་སྐད་སློབ་གླིང་། སྒྱུ་རྩལ་སློབ་གླིང་། དགེ་འོས་སློབ་གླིང་། རྒྱུན་མཐུད་སློབ་གསོའི་སློབ་གླིང་། ཀྲུང་དབྱང་གློག་འཕྲིན་སློབ་ཆེན་བོད་ལྗོངས་སློབ་གླིང་བཅས་ཁྱོན་བསྡོམས་སློབ་གླིང་༡༡ཡོད། དེ་དག་སོ་སོར་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། མཛེས་རིས། དེ་བཞིན་སྲིད་འཛིན་དོ་དམ། སྐྱེ་དངོས་འདེབས་གསོ་རིག་པ། སྐྱེ་ཁམས་རིག་པ། ཕྱུགས་ནད་སྔོན་འགོག་གི་གསོ་རིག། རོལ་དབྱངས་རིག་པ་སོགས་ཀྱི་ཧྲོའོ་ཧྲི་ཐོབ་ཐང་སྤྲོད་གནས་༨དང་། སྤྱིར་བཏང་དངོས་གཞིའི་ཆེད་ལས་༤༩ཡོད། ཆེད་སྦྱོང་འཛིན་གྲྭར་ཆེད་ལས་༣༠ཡོད་པ་དེས་རྩོམ་རིག་དང་། རང་བྱུང་ཚན་རིག བཟོ་རྩལ་རིག་པ། གསོ་བ་རིག་པ། སྲིད་འཛིན་དོ་དམ། ཁྲིམས་ལུགས། སྒྱུ་རྩལ་སོགས་སློབ་ཁྲིད་ཚན་ཞིབ་ཀྱི་ཁྱོན་ཡོངས་ལ་ཁྱབ་ནས་ཡོད། དེ་བཞིན་ཞིབ་འཇུག་སློབ་མའི་སློབ་གསོ་དང་། སྤྱིར་བཏང་དངོས་གཞི་དང་ཆེད་ལས་སློབ་གསོ། དར་མའི་སློབ་གསོ། ཡུན་རིང་དར་མའི་སློབ་གསོ། ཡིག་སྤྲིངས་སློབ་གསོ། ཕྱི་རྒྱལ་སློབ་མའི་སློབ་གསོ་སོགས་སྐས་རིམ་དང་རྣམ་པ་མང་བའི་སློབ་གཉེར་གྱི་ཁོར་ཡུག་ཞིག་ཆགས་ཡོད། 
       ལྷ་སའི་སློབ་ཁུལ་དུ་ད་ཡོད་དགེ་རྒན་དང་ལས་བཟོ་བ་མི་གྲངས་༨༦༣ཡོད་པའི་ནང་དགེ་རྒན་གཅིག་པོ་མི་༥༢༣ཡོད། དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཅན་༨༢དང་། འབུམ་རམས་པའི་ཐོབ་ཐང་ཅན་མི་༩ཡོད་པ་དེས་དགེ་རྒན་ གཅིག་པོའི་བསྡོམས་འབོར་གྱི་17.4%ཟིན་ཡོད། གཞན་ ཡང་ད་ལྟ་སློབ་སྦྱོང་བྱེད་བཞིན་པའི་རབ་འབྱམས་པ་་དང་འབུམ་རམས་པ་མི༥༦ཡོད། དགེ་རྒན་ཁོ་ནའི་ཁྲོད་མཐོ་རིམ་གོ་མིང་ ཡོད་པ་མི་༨༨དང་། རྒྱ་རིགས་དང་ གྲངས་ཉུང་མི་རིགས་གཞན་གྱི་དགེ་རྒན་མི་ ༡༩༦ཡོད་པ་དེས་དགེ་རྒན་ཡོངས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆའི་༣༧༥ཟིན། དེའི་ནང་བོད་རིགས་དགེ་རྒན་ ༣༢༧ཡོད་པ་དེས་དགེ་རྒན་ཡོངས་ཀྱི་བསྡོམས་འབོར་གྱི་བརྒྱ་ཆའི་༦༢༥ཟིན་ཡོད། སློབ་གྲྭ་ཡོངས་སུ་གདན་ཞུའི་དགེ་རྒན་ཆེན་མོ་༣༥དང་། ཟུར་བཞུགས་ དགེ་རྒན་ཆེན་མོ་༡༡༣། མཚན་འཛིན་དགེ་རྒན་ཆེན་མོ་མི་༡༨ཡོད། དེ་བཞིན་བསྐྱར་ལོག་གདན་ཞུས་ཞིབ་འཇུག་སློབ་མའི་སློབ་དཔོན་མི་༤དང་། ད་ཡོད་དགེ་རྒན་ཁྲོད་རྒྱལ་ཁབ་《མི་སྣ་ཁྲི་སྟོང་》ལས་གྲའི་ནང་འདམས་ཐོན་བྱུང་བ་མི་༢། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་ཕོག་སྣོན་ཐོབ་པ་མི་༦། རྒྱལ་ཡོངས་ཀྱི་ཕུལ་བྱུང་ལས་དོན་པ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། རྒྱལ་ཁབ་མི་དོན་པུའི་གཟེངས་བསྟོད་བཅས་ཐོབ་པའི་མི་༦ ། རང་སྐྱོང་ལྗོངས་ཀྱི་ཚན་ཞིབ་སྣེ་ཁྲིད་པར་འདམས་ཐོན་བྱུང་བ་མི་༡༩བཅས་ཡོད། 
       སློབ་གྲྭའི་ནང་དུ་《གེ་སར་སྒྲུང་》ཞིབ་འཇུག་ཁང་དང་། བོད་རིགས་ཀྱི་སྒྱུ་རྩལ་ཞིབ་འཇུག་ཁང་། བོད་ལྗོངས་མི་འབོར་ཞིབ་འཇུག་ཁང་། ཁོར་ཡུག་དངོས་ཁམས་ཞིབ་འཇུག་ཁང་། སྲོག་ཆགས་སྐྱེ་ཁམས་ཞིབ་འཇུག་ཁང་། སློབ་གསོ་སེམས་ཁམས་ཞིབ་འཇུག་ཁང་། དཔལ་འབྱོར་ཞིབ་འཇུག་ཁང་། རྩིས་རིག་སློབ་གསོ་ཞིབ་འཇུག་ཁང་བཅས་སློབ་གྲྭ་རིམ་པའི་ཚན་རིག་ཞིབ་འཇུག་གི་ལས་ཁུངས་༨ཡོད། ༢༠༠༠ལོར། སི་ཁྲོན་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་པའི་“ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་”དེ་སློབ་གསོ་པུའི་མི་རིགས་སྤྱི་ ཚོགས་ཚན་རིག་གི་ཞིབ་འཇུག་ལྟེ་གནས་སུ་གཏན་འཁེལ་བྱས་པ་དང་། ༢༠༠༡ ལོར་“མཐོ་སྒང་འཇིག་རྟེན་ཐིག་རིས་ལྟ་ཞིབ་ཁང་”བོད་རང་སྐྱོང་ལྗོངས་རིམ་པའི་ཞིབ་འཇུག་ལྟེ་གནས་སུ་གཏན་འཁེལ་བྱས། ༢༠༠༤ལོར་ཚོད་ལྟ་ཁང་དེ་གཉིས་སློབ་གསོ་པུའི་ལྟེ་གནས་ཞིབ་འཇུག་ཁང་དུ་གཏན་འབེབས་བྱས་པ་རེད། སློབ་གྲྭར་ད་ལྟ་བོད་རིག་པའི་ཆེད་ལས་མི་སྣའི་དཔུང་ཁག་ཅིག་ཆགས་ཡོད་པ་མ་ཟད། 《གེ་སར་སྒྲུང་》དང་། བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག རྩོམ་རིག རོལ་དབྱངས། མཛེས་རྩལ་སོགས་ཀྱི་ཞིབ་འཇུག་གི་ཁྱབ་ཁུངས་ནང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། 
       རྒྱལ་ཁབ་ཕྱི་ནང་གི་སློབ་གྲྭ་ཆེ་འབྲིང་ཁག་དང་ཉམས་མྱོང་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་ཆེད་ལྷ་ས་སློབ་ཁུལ་གྱིས་སྔ་རྗེས་སུ་ནོ་ཝེ་རྒྱལ་ཁབ་དང་། འཇར་པན། ཨ་མི་རི་ཁ། ཨི་ཀྲ་ལི། དབྱིན་ཇི། ཀུ་རེ་ཡ་ལ་སོགས་རྒྱལ་ཁབ་༡༠ཡི་སློབ་གླིང་༡༢དང་ཚན་ཞིབ་སྡེ་ཚན་ཁག་དབར་མཛའ་བརྩེའི་འབྲེལ་ལམ་བཙུགས་ཡོད། ༢༠༠༢ལོའི་ཟླ༡༠པར་རྒྱལ་ཁབ་སློབ་གསོ་པུས་གཙོ་སྐྱོང་བྱས་ ནས་འཚོགས་པའི་རྒྱལ་ཡོངས་སྐབས་གསུམ་པའི་བོད་སྐྱོར་ལས་དོན་ཚོགས་འདུའི་ཐོག་པེ་ཅིང་དགེ་འོས་སློབ་གྲྭ་ཆེན་མོ་དང་། ནན་ཅིང་སློབ་གྲྭ་ཆེན་མོ། སི་ཁྲོན་ སློབ་གྲྭ་ཆེན་མོ། ལྷོ་ནུབ་འགྲིམ་འགྲུལ་སློབ་གྲྭ་ཆེན་མོ། ལྷོ་ནུབ་ནོར་སྲིད་དཔལ་འབྱོར་སློབ་གྲྭ་ཆེན་མོ། དེ་བཞིན་མཐོ་རིམ་སློབ་གསོ་དཔེ་སྐྲུན་ཁང་བཅས་ཀྱིས་བོད་ལྗོངས་སློབ་གྲྭ་ཆེན་མོར་རོགས་སྐྱོར་བྱ་རྒྱུར་གཏན་འབེབས་བྱས་པ་རེད། མིག་སྔར་ལྷ་ས་སློབ་ཁུལ་དང་གོང་སྨྲོས་སློབ་གྲྭ་ཆེ་འབྲིང་དང་སྡེ་ཚན་ཁག་དབར་ དགེ་རྒན་གསོ་སྦྱོང་དང་། སློབ་གྲྭ་མཉམ་གཉེར། ཚན་རིག་ཞིབ་འཇུག ཤེས་ལྡན་མི་སྣ་གཏོང་རེས་སོགས་ཀྱི་ཐད་རིམ་པ་དང་ཐབས་ལམ་མང་པོའི་ཐོག་ནས་ཕམ་ ཚུན་དབར་ཉམས་མྱོང་སྤེལ་རེས་དང་མཉམ་ལས་བ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། 
       ༢༠༠༠ལོའི་ཟླ་༨པར། དེ་སྔའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའི་ལན་ཆིང་ལྷ་ས་སློབ་ཁུལ་དུ་གཟིགས་ཞིབ་གནང་བར་ཕེབས་ཏེ་“བོད་ལྗོངས་སློབ་གྲྭ་ཆེན་མོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ་ལྟེ་གནད་དུ་འཛིན་དགོས་”ཞེས་གལ་ཆེའི་མཛུབ་སྟོན་གནང་བ་དང་། ཡང་བསྐྱར་ཀྲུང་དབྱང་གི་སྐབས་བཞི་པའི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཏུའང་“ནུས་ཤུགས་གཅིག་སྒྲིལ་གྱིས་བོད་ལྗོངས་སློབ་ཆེན་ཡག་པོ་གཉེར་དགོས་”ཞེས་གསལ་སྟོན་གནང་བ་རེད། བོད་ལྗོངས་སློབ་གྲྭ་ཆེན་མོ་རྒྱ་བསྐྱེད་ལས་གྲའི་རྣམ་གྲངས་དེ་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་“བཅུ་ལྔ”འཆར་གཞིའི་ལྟེ་གནད་འཛུགས་སྐྲུན་ལ་བརྩིས་ནས་དངོས་སུ་ལས་འགོ་བཙུགས། འཆར་གཞི་ལྟར་རྒྱ་ཁྱོན་ལ་མུའུ་༨༣༤༡༩ཡོད་པའི་དེང་རབས་ཅན་གྱི་སློབ་ཁུལ་གསར་པ་དེ་༢༠༠༧ལོར་ཡོངས་སུ་འགྲུབ་ངེས་རེད།༢༠༠༤ལོའི་ཟླ་༩པར་བོད་རང་སྐྱོང་ལྗོངས་དང་། རྒྱལ་ཁབ་སློབ་གསོ་པུའུ་ གཉིས་ཀྱིས་བོད་ལྗོངས་སློབ་གྲྭ་ཆེན་མོ་ཐུན་མོང་ཐོག་འཛུགས་གཉེར་བྱ་རྒྱུའི་གྲོས་མཐུན་བཞག་པ་དེས་རང་སློབ་འཕེལ་རྒྱས་འགྲོ་རྒྱུར་ཆེས་དཀོན་པའི་གོ་སྐབས་མཁོ་སྤྲོད་བྱས་ཡོད། 
       སློབ་གྲྭའི་སླད་ཕྱིན་གྱི་ལས་ཀའི་ནང་རྒྱུན་མཐུད་ཡར་བརྩོན་དང་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས་ཀྱིས་མགྱོགས་མྱུར་ངང་སློབ་གཉེར་གྱི་ཆུ་ཚད་ལེགས་པོ་ཞིག་དང་། ཁྱད་ཆོས་འབུར་ཐོན། རྒྱལ་ཁབ་ཕྱི་ནང་ཀུན་ལ་ཤུགས་རྐྱེན་ངེས་ཅན་ལྡན་པའི་སློབ་གསོ་ཚན་རིག་ཞིབ་འཇུག་རང་བཞིན་གྱི་ཕྱོགས་བསྡུས་སློབ་གྲྭ་ཆེན་མོ་ ཞིག་དང་། བོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ལག་རྩལ་ཞིབ་འཇུག་གི་གྲུབ་འབྲས་མཐོ་བ། ཚད་མཐོའི་ཐབས་ཇུས་བློ་འདྲིའི་རྟེན་གཞི་གཙོ་བོ། བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ཁྱོན་ཡོངས་ཀྱི་ཆུ་ཚད་དང་སློབ་གཉེར་ཕན་འབྲས་མཐོར་འདེགས་གཏོང་རྒྱུར་མིག་དཔེའི་ནུས་པ་འདོན་ཐུབ་པ་བཅས་བྱས་ཏེ། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུའོ།
<