དགེན་དཔག་བསམ་དོན་འགྲུབ་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དཀར་མཛེས་ཁུལ་ནས་སྤེལ།

2020-08-04
106

དགེ་རྒན་དཔག་བསམ་དོན་འགྲུབ་ལགས་མཚམས་སྦྱོར་མདོར་བསྡུས།

དཔག་བསམ་དོན་འགྲུབ་ནི་ཡིག་གཟུགས་མཁས་ཅན་གྱི་ཁྱིམ་རྒྱུད་དུ་སྐྱེས་ཤིང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། སློབ་འབྲིང་གི་མཐོ་རིམ་དགེ་རྒན་དང་། ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ། སི་ཁྲོན་ཞིང་ཆེན་གྱི་ཡིག་མཁས་མཐུན་ཚོགས་ཀྱི་ལས་འཛིན། སི་ཁྲོན་ཞིང་ཆེན་གྱི་རིག་གནས་དང་བླངས་པ་བཅུ། གངས་ལྗོངས་ཁམས་པའི་རིག་གནས་དར་སྤེལ་གྱི་ཕོ་ཉ་ཆེན་པོའི་མཚན་སྙན་དང་། དཔག་བསམ་སློབ་ཞུགས་བྱ་དགའ། ཡིག་གཟུགས་རྩལ་ནུས་མཁས་ཅན་གྱི་ལས་སྒྲུབ་ཁང་། ཁམས་རིས་མཛེས་རྒྱན་མ་སོགས་གསར་གཏོད་དང་འགན་ལེན་བཞེས།བརྩམས་ཆོས། དཔྱད་རྩོམ་མང་པོ་རྒྱལ་ཡོངས་ཀྱི་དཔེ་དེབ་དང་འགྲེམས་སྟོན་ནང་ཐེངས་མང་ཚུད་པ་དང་བྱ་དགའ་ཡང་མང་ཙམ་ཐོབ། ད་ལྟར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནངས་ནས་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད། བརྩམས་ཆོས་ལ་《ལྕགས་སྨྱུག་གི་བོད་ཡིག་དབུ་ཅན་འབྲི་ཐབས་ཀྱི་དཔེ་གཞི》དང་།《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་བོད་ཡིག་བསྐྱར་སྦྱོང་གནད་བསྡུས》《གངས་ཅན་ཡིག་གཟུགས་ཀུན་བཏུས》《ཁམས་བྲིས་དབུ་ཅན་གྱི་མ་ཕྱི》སོགས་དཔེ་སྐྲུན་བྱས།

ཟླ་བ་བདུན་པའི་ཚེས་ཉེར་བདུན་ཉིན་ནས་བཟུང་གཟའ་འཁོར་གཅིག་གི་རིང་ལ་བྲིས་པ་མཁན་པོ་དཔག་བསམ་དོན་འགྲུབ་ཀྱི་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་བྱེད་པའི་མགོ་ཚུགས་མཛད་སྒོ་དཀར་མཛེས་ཁུལ་རིག་གནས་ཁང་དུ་སྤེལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་སུ་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཆེན་མོ་དཔག་བསམ་དོན་འགྲུབ་ལགས་ཀྱིས་སྤྱི་ཟླ་བདུན་པའི་ཚེས་ཉེར་བདུན་ཉིན་ནས་སྤྱི་ཟླ་བརྒྱད་པའི་ཚེས་གཅིག་བར་གླིང་གི་དཔའ་ཐུལ་སུམ་ཅུའི་ཐང་ནག་གསེར་བྲིས་མ་དང་བོད་ཀྱི་གནའ་དེང་ཡིག་གཟུགས་འབྲི་རྩལ། དགེ་རྟག་གཞས་ཀྱི་བོད་ཡིག་ཡིག་གཟུགས་ཞལ་ཐང་རིང་མོ། གསར་གཏོད་ཡིག་གཟུགས་དང་དཔེ་རྙིང་སོགས་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་བརྒྱ་ལ་ཉེ་བ་ཞིག་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་རྩེག་གཉིས་པའི་ནུས་མང་འགྲེམས་ཁང་དུ་འགྲེམ་སྟོན་བྱེད་བཞིན་འདུག ཐེངས་འདིའི་བྱེད་སྒོ་དེ་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཡུལ་སྐོར་ཅུས། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཁུལ་རིག་གནས་ཁང་དང་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་རེད།