རླངས་འཁོར་ནང་ནས་མགོ་ཡུ་འཁོར་ན་ཅི་བྱེད།

2017-05-24

     ང་ནི་རླངས་འཁོར་ལ་བསྡད་མ་ཐག་མགོ་ཡུ་འཁོར་སླ་བའི་མི་ཞིག་ཡིན། ཕ་ཡུལ་ནས་ཁུལ་ཐོག་ཏུ་བསྐྱོད་པའི་རླངས་འཁོར་ཐོག་སློབ་གྲོགས་ཚོས་དགའ་སྤྲོའི་གླེང་མོལ་བྱེད་བཞིན་སོང་ཆོག་ན་ཡང་། རླངས་སྣུམ་གྱི་དྲི་མ་དེ་ཚོར་བ་ཙམ་གྱིས་ང་ལ་སྐྱུག་རྒྱུ་ལངས་ནས་བཟོད་དཀའ་བའི་ན་ཟུག་ཅིག་སྐྱེས་ཡོང་། མི་མང་ཤོས་ཤིག་ལ་རླངས་འཁོར་བསྡད་ན་མགོ་ཡུ་འཁོར་ཡོང་བའི་གནས་ཚུལ་ལ་འཕྲད་ཀྱི་ཡོད་པ་དང་། མགོ་ཡུ་འཁོར་བའི་ན་ཟུག་དེ་ནི་ཧ་ཅང་བཟོད་དཀའ་བ་ཞིག་ཡིན།

  ལག་ཟུང་གཉིས་ཀྱིས་ཁ་སྣ་བཏུམ་ནས་ཅུང་ཟད་ཕན་པར་འདོད་དུས། རླངས་འཁོར་ཕར་གཡུག་ཚུར་གཡུག་བྱས་ན་ལྷག་ཏུ་འཁོར་ཡུ་འཁོར་ཡོང་། ཉེ་འགྲམ་གྱི་སློབ་གྲོགས་ཚོས་ལབ་གླེང་མང་པོ་བྱས་ཡོང་། ལ་ལས་བཤད་ན་ནངས་ཇ་འཐུང་ན་མགོ་ཡུ་མི་འཁོར་བར་ཕན་ཟེར། ཡང་ལ་ལས་ཟ་མ་མ་བཟས་པར་ཁོག་སྟོང་དུ་བསྡད་ན་བཟང་རབས་བཤད། ཡང་ལ་ལས་སེམས་ཁམས་ལྷོད་པོ་བྱེད་པ་ལས་འཚབ་འཚུབ་བྱེད་མི་རུང་ཟེར། ལ་ལས་མགོ་ཡུ་འཁོར་བ་ནི་མཁལ་མཁྲིས་ཀྱི་ནུས་པ་ཞན་པའི་རྐྱེན་གྱིས་རེད་ཟེར། མྱུར་བར་མྱུར་དུ་ཁུལ་ཐོག་ལ་སླེབས་ན་ཅི་མ་རུང་སྙམ་པའི་ངང་ནས་རེ་སྒུག་བྱས་ཀྱང་དཀའ་ཁག་གི་སྐབས་སུ་ལམ་ཐག་དེ་སྔར་ལས་རིང་བའི་སྣང་བ་སྐྱེ།

     ང་རང་གི་ཉམས་མྱོང་དང་སྦྱར་ནས་བཤད་ན། ཞོགས་པར་ངེས་པར་དུ་ཁོག་སྟོང་དུ་མི་སྡོད་པར་ཟ་མ་ཟ་དགོས། ཡིན་ན་ཡང་འོ་མ་དང་ཤ་ཚིལ་སོགས་སྣུམ་གྱི་རིགས་ལ་ངེས་པར་འཛེམ་དགོས། དེ་རིང་ཞོགས་པར་རླངས་འཁོར་ལ་འདུག་མཁན་ཞིག་ཡིན་ན་ངེས་པར་དུ་དགོང་མོ་གཉིད་ངེས་ཅན་ཞིག་དང་ངལ་གསོ་ཡག་པོ་ཞིག་བྱེད་དགོས། གཉིད་ཆག་ན་ཞོགས་པར་སེམས་ཁམས་མི་དྭངས་པ་དང་སྟོབས་ཤུགས་ཀྱང་མེད་པས་ལུས་སེམས་གཉིས་ལ་ཤིན་ཏུ་གནོད་པ་བྱུང་གི་འདུག རླངས་འཁོར་ལ་འདུག་དུས་སེར་བུ་ཅུང་ཙམ་བརྒྱབ་ན་ཕན་ཡང་བདེ་འཇགས་ལ་དོ་སྣང་བྱེད་དགོས། ལག་པ་དང་མགོ་བོ་སོགས་སྒེའུ་ཁུང་གི་ཕྱི་ལ་བསྲིངས་མི་ཉན། ཐག་རིང་ལ་ཆས་དུས་ཀྱི་སྔ་ཉིན་ཆང་མང་པོ་འཐུང་མི་རུང་ལ་གཡས་གཡོན་དུ་ཐ་མག་འཐེན་མཁན་ཡོད་ན་ཡང་ཅུང་ཟད་གཟབ་ན་འགྲིག ད་དུང་ཐག་རིང་དུ་འགྲོ་དུས་གོན་རྒྱུ་ཚད་དང་རན་པ་ཞིག་གྱོན་ན་ཕན་པ་ལས་མཐུག་པོ་གོན་ན་དྲོད་བསྐྱེད་ནས་མགོ་ཡུ་འཁོར་སླ་བར་འདོད།

  མགོ་ཡུ་འཁོར་མིན་ནི་རླངས་འཁོར་ལ་ཡང་འབྲེལ་བ་ཡོད་དེ། རླངས་འཁོར་དམའ་མོ་ཡིན་ན་ལྷག་པར་མགོ་ཡུ་འཁོར་ཉེན་ཆེ། ཐག་རིང་ལ་འགྲོ་དུས་སྐྱེགས་མཐོ་བའི་རླངས་འཁོར་ལ་བསྡད་ན་མགོ་ཡུ་མི་འཁོར་བར་ཕན་པ་ཡོད་པར་འདོད། ལམ་བར་ན་སྐྱུག་མེར་ལངས་དུས་ང་ལ་མཚོན་ན་ཁ་ཚའི་རིགས་ཅུང་ཟད་བཟས་ནའང་ཤིན་ཏུ་ཕན་གྱི་འདུག རླངས་འཁོར་ལ་ཤིན་ཏུ་སྡུག་པ་དང་མགོ་ཡུ་འཁོར་བའི་མི་ཞིག་ཡིན་ཚེ་རབ་ཡིན་ན་ཉིན་གཉིས་གསུམ་གྱི་སྔོན་དུ་ཤ་ཚིལ་དང་འོ་མའི་རིགས་ཉུང་ཉུང་དང་སྔོ་ཚོད་ཀྱི་རིགས་མང་ཙམ་བཟས་ན་ཕན་པར་འདོད།

  ཀུན་གྱིས་བཤད་སྲོལ་ལ་ལྕེ་ཐོག་དང་ཡང་ན་ལྟེ་བའི་དཀྱིལ་ལ་ལྒ་སྐྱ་ལེབ་མོ་ཞིག་བཞག་ན་ཕན་པར་བཤད་ཅིང་། རླངས་འཁོར་ལམ་ལ་མ་ཆས་པའི་སྔོན་དུ་ལྒ་སྐྱ་བཞག་ན་ཕན་ཐོགས་ངེས་ཅན་ཞིག་འབྱུང་གི་ཡོད། གཞན་ད་དུང་ཚ་ལུ་མའི་པགས་པ་བཙིར་ནས་དེའི་དྲི་མ་སྣ་ལ་འཐུལ་བར་བྱས་ཀྱང་ཕན་པར་གསུངས་ཡོད། གལ་ཏེ་བྱིས་པ་མགོ་ཡུ་འཁོར་དུས་སིལ་ཁུ་དང་ཡང་ན་ཁུ་ཁོལ་ཁུ་ནག་ཅུང་ཟད་འཐུང་དུ་བཅུག་ན་ཕན་ཐོགས་ཡོང་བར་བཤད་ཡོད། གལ་ཏེ་དུས་ཚོད་དང་གྲ་སྒྲིག་འཛོམས་ན་ལམ་ལ་མ་ཆས་གོང་མགོ་ཡུ་འཁོར་རྒྱུ་འགོག་པའི་རྣ་རྒྱབ་ལ་སྦྱོར་རྒྱུའི་སྨན་དང་འཐུང་རྒྱུའི་སྨན་ཡང་ཡོད་པས་དེའི་རིགས་རང་གི་དགོས་མཁོ་དང་བསྟུན་ནས་སྦྱོར་དགོས།

     དེང་སང་མི་རེ་རེའི་ལག་ན་ཁ་པར་ཐོགས་ཡོད་ཅིང་། ང་ཚོའི་འཚོ་བ་ལ་སྟབས་བདེ་ཅི་རིགས་བསྐྲུན་ཡོད། འདིར་བཤད་འདོད་པ་ནི་རླངས་འཁོར་བསྐྱོད་བཞིན་པའི་བར་མཚམས་ནས་ཁ་པར་ལ་བལྟ་བར་ཤིན་ཏུ་འཛེམ་དགོས། ཁ་པར་དང་ཚགས་པར་སོགས་ལ་བལྟས་ན་ཡུན་རིང་མི་འགོར་བར་མགོ་ཡུ་འཁོར་ཡོང་བས་འདི་ནི་ངེས་པར་དུ་ཤེས་དགོས་པའི་ཤེས་བྱ་ཞིག་ཡིན།

རྩོམ་སྒྲིག་པ། པདྨ།