གསུང་རབ་གླིང་དགོན་པའི་ལོ་རྒྱུས།

2019-06-25
0

༄།   །གསུང་རབ་གླིང་དགོན་གྱི་ལོ་རྒྱུས་དེ་སྔོན་ནས་དེབ་གཟུགས་ཅན་དུ་སྔ་ཕྱིར་འགྲིམས་སྤེལ་ཞུས་ཟིན་པས་ལོ་རྒྱུས་དམིགས་བསལ་ཞུ་མི་དགོས་མོད་འདིར་རྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་པོད་ཅ་པ་ལས།   དོལ་དགའ་ལྡན་གསུང་རབ་གླིང་གསར་བཙུགས་ཀྱི་བླ་མར་འགྲོ་མི་རབ་འབྱམས་པ་བློ་བཟང་ཤེས་རབ་ཀྱིས་ཐོག་དྲངས་པའི་རབ་བྱུང་བསྙེན་རྫོགས་ཁ་ཡར་བསྒྲུབས་པ་དང་བླ་མར་ཚེ་རྟ་ཞིག་བསྐུར་ཞིང་གྲ་ཚང་འདི་ཉིད་དཔལ་ལྡན་དམག་ཟོར་མར་གཉེར་གཏད་ཀྱི་ཚིགས་བཅད་དགོས་ཚུལ་བ་བྲིས།   ཞེས་པ་གསལ་བ་ནི་མགོན་པོ་ཉིད་ཀྱི་གསུང་པོད་ད་པའི་ནང་དུ།   

༄།གསུང་རབ་གླིང་གི་ལྷ་མོའི་འཕྲིན་བསྐུལ་བཞུགས།                

  བདེ་སྟོང་རོལ་མཚོ་འཁྱིལ་བའི་ཆོས་དབྱིངས་སུ།  །

ནམ་ཡང་འགོག་པ་མེད་པའི་རྩེད་འཇོ་ཡིས།   །

རྒྱལ་ཀུན་ཟག་པ་མེད་པའི་བདེ་ཆེན་དུ།  །

དགྱེས་དགུར་སྤྱོད་མཛད་ངག་དབང་དབྱངས་མ།  །

མུན་པ་བྱེ་བས་བྱུགས་པའི་ལྷུན་པོ་ལ།  །

ཉིན་བྱེད་འབུམ་གྱིས་འཁྱུད་པའི་གཟི་བརྗིད་དང་།  །

བསྐལ་པའི་མེ་དཔུང་གོས་སུ་ལེགས་གྱོན་པའི།  །

བསྟན་སྲུང་གཙོ་མོ་དམག་ཟོར་རྒྱལ་མོ་ཡིས།  །

དགའ་ཆེན་བདག་ཉིད་དཔལ་ལྡན་ཙོང་ཁ་པའི།  །

གསུང་རབ་རྒྱ་མཚོ་འདུ་བའི་བསྟི་གནས་མཆོག།  །

བཤད་སྒྲུབ་ཆོས་ཀྱི་གླིང་འདི་སྲིད་མཐའི་བར།  །

འཕེལ་རྒྱས་ཡར་ངོའི་ཟླ་བ་ལྟར་མཛོད་ཅིག།  

    ཅེས་གསུངས་ཡོད་ཅིང་སྐབས་དེར་རྒྱལ་དབང་ལྔ་པ་ཆེན་པོ་དགུང་གྲངས་སོ་གཉིས་ལ་གསོན་ཞིང་ཆུ་ཤུར་དགའ་ལྡན་ཆོས་འཁོར་ཡངས་རྩེ་དང་དོལ་དགའ་ལྡན་གསུང་རབ་གླིང་ཚགས་ཚུད་ཐོས་བསམ་བཤད་སྒྲུབ་ལས་ཀྱི་འཁོར་ལོའི་གདུགས་དཀར་དགུང་དུ་འདེགས་པའི་བསྟི་གནས་དམ་པར་གྱུར་ཏེ་སྤྱི་ལོ་ང་དགུའི་གོང་དུ་དགེ་འདུན་ཞལ་གྲངས་སུམ་བརྒྱར་ཉེ་ཞིང་བྱ་བྲལ་གྲུབ་པའི་དབང་ཕྱུག་མཁས་དགུའི་དབུས་ན་མངོན་པར་འཕགས་པ་རྗེ་བཙུན་མི་ལ་གཉིས་པ་ལྟ་བུ་འབྲས་སྤུངས་ཏྲེ་ཧོར་དགེ་བཤེས་སྐྱོར་དཔོན་རིན་པོ་ཆེ་ཡང་གནས་འདིར་ཞབས་སོར་འཁོད་པ་སོགས་མཁས་པ་མང་དག་བྱུང་ཞིང་དེང་གི་ཆར་ཡང་སྐུ་འཚོ་ཞིང་ཞལ་བཞུགས་འབྲས་བློ་གླིང་མཚན་མཐོར་གསོན་པ་དགེ་བཤེས་ཡེ་ཤེས་ཐབས་མཁས་སོགས་ཇི་སྙེད་ཅིག་བཞུགས་སོ།།


  • 顶 0