ལྕགས་པོ་རི།

2018-01-12

 

  སྔོན་དུས་གནའ་རབས་ཀྱི་གྲོང་ཁྱེར་ལྷ་སའི་ནུབ་ངོས་སུ་ལྕགས་པོ་རི་ཞེས་བྲག་རི་སེང་གེ་མཁའ་ལ་མཆོངས་པ་ལྟ་བུའི་དབྱིབས་ཅན་ཞིག་ཡོད་ཅིང༌།  དེའི་རྩེ་མོར་གསེར་གྱི་ཏོག་དང་འདྲ་བའི་དགོན་པ་སེར་པོ་ཞིག་ཡོད།  དེ་ནི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་བདུན་ཅུར་ཕེབས་པ་བོད་རབ་བྱུང་བརྒྱད་པའི་ལྕགས་ཁྱི(༡༤༩༠)ལོར་སྒྲུབ་ཁང་བླུམ་པོ་ཞིག་བསྐྲུན་གནང་མཛད་པ་རེད། རབ་བྱུང་བཅུ་གཉིས་པའི་མེ་བྱི(༡༦༩༦)ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཉམས་གསོ་མཛད་དེ་སྨན་པ་གྲ་ཚང་དུ་བསྒྱུར་ནས(ལྕགས་རི་བེ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་)ཞེས་བཏགས་ནས་དེ་གར་གྲ་བཙུན་ལྷོ་ཁ་སོགས་ནས་གྲ་ཆག་དང༌།  ད་དུང་ཁྱིམ་པ་སོགས་སུས་གསོ་རིག་སློབ་སྦྱོང་བྱས་ཀྱང་ཆོག་པའི་བཅའ་སྒྲིག་བཀོད་དེ་བཙུགས།  གནས་འདིར་དགུང་ལོ་བརྒྱད་ཅུ་གྱ་བཞིར་ཕེབས་པའི་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ཡང་རྒྱུན་རིང་བཞུགས། 

  གནས་འདིར་བཞུགས་པའི་རྟེན་གསུམ་དང་རིག་དངོས་སྐོར་རྟེན་གཙོ་གསེར་གར་ལུགས་ཀྱི་འཇམ་དབྱངས་དང༌།  དངུལ་གར་ལུགས་ཀྱི་ཕྱག་ན་རྡོ་རྗེ་གཉིས་སྐུ་ཚད་ཁྲུ་གང་ཙམ་བྱས་པ་རེ།  གཡུ་རྙིང་ལས་བཞེངས་པའི་རྡོ་རྗེ་འཆང་གི་སྐུ་བརྙན་ཁྲུ་གང་ཙམ་བྱས་པ་དང༌།  སྨན་བླ།  དོན་ཡོད་གྲུབ་པ།  རྗེ་བཙུན་སྒྲོལ་མ་བཅས་དང༌།  སྐུ་རྒྱུ་དུང་ལས་བཞེངས་པའི་སྤྱན་རས་གཟིགས།  སྐུ་རྒྱུ་བྱུ་རུ་ལས་བཞེངས་པའི་འོད་དཔག་མེད་དང༌ཚེ་དཔག་མེད།  སྐུ་རྒྱུ་དུང་ལས་བཞེངས་པའི་རྡོ་རྗེ་མཁའ་འགྲོ། སྤོས་ཤེལ་ལས་བཞེངས་པའི་རིན་ཆེན་མཁའ་འགྲོ།  མུ་མེན་ལས་བཞེངས་པའི་སངས་རྒྱས་མཁའ་འགྲོ།  བྱུ་རུ་ལས་བཞེངས་པའི་པདྨ་མཁའ་འགྲོ།  གཡུ་ལས་བཞེངས་པའི་ལས་ཀྱི་མཁའ་འགྲོ།  ཙྡན་དཀར་པོ་ལས་བཞེངས་པའི་སློབ་དཔོན་ཆེན་པོ་པད་མ་འབྱུང་གནས།  ཐང་སྟོང་པའི་དངོས་སློབ་བསྟན་འཛིན་ཉི་ཟླ་བཟང་པོའི་གསེར་གདུང༌།  བྱང་ཟུར་ལུགས་ཀྱི་སྨན་པའི་བརྒྱུད་འཛིན་རྣམས་ཀྱི་སྐུ་བརྙན་སོགས་ཡོད།  རི་དེའི་ཤར་དུ་བྲག་ལྟ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ་དེ་སྲོང་བཙན་སྒམ་པོའི་དུས་བལ་བཟའི་སྐུ་མཁར་དགུ་ཐོག་ཅིག་བརྩིགས་པ་དེ་ནི་ཐ་གྲུ་ཆེ་ཞིང་ལྟ་ན་སྡུག་པ་དེ་དང༌།  དམར་པོ་རིའི་སྟེང་གི་ཆོས་རྒྱལ་གྱི་སྐུ་མཁར་དེ་གཉིས་བར་ལྕགས་ཟམ་གྱིས་སྦྲེལ་ཏེ་དེའི་འོག་ན་དར་དང༌།  སྔ་ཡབ་དྲིལ་བུ་དང་གཡེར་ཁའི་སྒྲ་འཁྲོལ་བ། རྒྱལ་པོ་ཡབ་ཡུམ་ཕར་གཤེགས་ཚུར་གཤེགས་མཛད་པའོ(བྲག་ལྟ་ཀླུ་སྦུག་)ལྷ་ཁང་འདི་ནི་རི་དེའི་ཤར་ངོས་སྨད་ཙམ་ལ་གནས་ཡོད།  སྤྱི་ལོའི་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་བསྐྲུན་པ་ཞིག་རེད།  ལོ་རྒྱུས་ཡིག་ཆ་འགའ་ཞིག་ཏུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་ཡོང་བཟའི་གནས་སྐལ་དུ་བཞེངས་པར་བཤད།  རྟེན་གྱི་གཙོ་བོར་ཐུབ་པ་བྲག་ལྷ་མགོན་པོ་གཙོ་འཁོར་ལྔ་དེ་བལ་པོའི་ལྷ་བཟོ་བས་འབུར་དུ་བརྐོས་པ་དང༌།  བོད་འབངས་ལས་ལ་བསྐུལ་ནས་བྲག་བརྐོས་ཏེ་བསྐོར་ལམ་གཏོད་པ་བཅས་སོ།  དེའི་མདུན་དུ་བྲག་ལྟའི་ནིའུ་ཐང་ཞེས་པ་ལྗོན་ཤིང་སྟར་ཁའི་སྡོང་པོ་གཅིག་ཡོད་པའི་འགྲམ་དུ་རྒྱལ་པོའི་བཞུགས་ཁྲི་ཞིག་ཡོད་པ་དེར་སྐབས་རེ་རྒྱལ་པོ་སྲོང་བཙན་སྒམ་པོ་དང་མགར་སྟོང་བཙན་སོགས་བློན་པོ་རྣམས་རྒྱལ་དོན་མདུན་གྲོས་བྱ་ཡུལ་ཡིན།  རི་འདིའི་ལྷོའི་རི་སྐེད་དུ་ལྷ་སའི་བསྐོར་ལམ་འཁེལ་བས་ལམ་སྟེང་ནས་གྱེན་དུ་བལྟས་ན་རྡོ་བརྐོས་ཀྱི་མ་ཎི་དང༌།  སྔགས་ཡིག ལྷ་དང་བླ་མའི་སྐུ་བརྙན།  ལྷག་པར་དུ་སྐུ་ཚད་ཆེ་བའི་རྒྱལ་བ་མི་འཕྲུག་པ་དང༌།  བརྐོས་བཟོ་ཕུན་སུམ་ཚོགས་པའི་སངས་རྒྱས་སྟོང་སྐུ་སོགས་ནས་བོད་རིགས་མི་དམངས་ཀྱི་རྡོ་བརྐོས་ལག་རྩལ་དེ་གང་ལེགས་མངོན་ཐུབ།  དམར་ལྕགས་གཉིས་ཀྱི་རི་བོ་མུ་སྦྲེལ་དུ་ཡོད་རུང་རྒྱ་བཟའ་ཕྱི་མས་དུམ་བུ་བཏང་བའི་བར་དུ་རྒྱལ་མཆོག་ལྔ་པ་རིན་པོ་ཆེས་བོད་ས་སྤྲེལ་སྤྱི་ལོ ༡༦༦༨ ལོ་དཀྱིལ་དུ་མཆོད་རྟེན་ཆེ་བའི་འོག་ལ་འགྲོ་ལམ་གཏོད་པ་དང༌།  གཡས་གཡོན་དུ་མཆོད་རྟེན་ཆུང་བ་རེ་བཅས་ལྕགས་ཐག་གིས་སྦྲེལ་ནས་དེ་ལ་དྲིལ་བུ་བཏགས།  མཆོད་རྟེན་གྱི་རྩེ་མོར་གསེར་ཟངས་ཀྱི་ཆོས་འཁོར་བཅུ་གསུམ་དང༌།  ཉི་ཟླས་བརྒྱན་ཅིང༌།  གྲོང་ཁྱེར་ལྷ་སའི་གཞུང་སྒོ་ལྟ་བུར་གྱུར་ཏེ་བྲག་སྒོ་ཀ་ལིང་ཞེས་ཡོངས་སུ་གྲགས།  གཞན་ཡང་རི་དེའི་ཤར་གྱི་རི་སྣེ་དང༌།  བྱང་གི་རི་འདབས་ནས་ཆུ་མིག་གི་རྒྱུན་རྡོལ་ཞིང༌།  ཀུན་གྱིས་ཆུ་དེ་འཐུང་རྒྱུར་དགའ་པོ་བྱེད་ཅིང༌།  སྨན་ཆུ་ཞེས་ཤོད་སྲོལ་ཡོད་པ་བཅས་སོ།།

<