བོད་ཀྱི་ལོ་རྒྱུས་སྟེང་ཆེས་རྩ་ཆེ་བའི་གསུང་བྱོན་ཐང་ག

2017-12-05

 

  རྗེ་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་སྟེང་ཕྱོགས་བཞིར་སྐད་གྲགས་ཁྱབ་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། ཁོང་གིས་ཡུལ་དབུས་ལྷ་ས་ནས་འགྲོ་དོན་མང་པོ་མཛད་པས་སྐུ་ཚེའི་ཧྲིལ་བོར་ཕྱིར་ཕ་ཡུལ་ཨ་མདོ་ཙོང་ཁའི་ཡུལ་དུ་ཕེབས་མ་ཐུབ། དེ་བས་ཁོང་གི་མ་ཡུམ་ལགས་ཀྱིས་རང་གི་བུ་ཆུང་དྲན་དྲགས་པའི་དབང་གིས། ཚོང་དཔོན་ནོར་བཟང་ལ་རང་ཉིད་ཀྱི་སྐྲ་ལན་བུ་གཅིག་བསྐུར་ནས་རྗེ་རིན་པོ་ཆེ་ཕྱིར་ཡུལ་དུ་ཕེབས་དགོས་པའི་སྐོར་གྱི་སྐད་བཏང་པ་རེད།

   རྗེ་རིན་པོ་ཆེའི་ཕྱག་ཏུ་ཡུམ་ཆེན་གྱིས་བསྐུར་བའི་སྐྲ་ལན་བུ་དེ་དང་སྐད་ཇི་མ་ཇི་བཞིན་དུ་འབྱོར་ནའང་། སྐབས་དེ་ནི་དགེ་ལུགས་པའི་ལས་དོན་བྲེལ་བའི་གནད་འགག་གི་དུས་སྐབས་ལ་ཁེལ་ཡོད་པས་ཡུམ་ལ་ཞལ་མཇལ་ཞུ་བར་ཕེབས་མ་ཐུབ་པ་རེད།  ཁོང་གིས་ཀྱང་ཡུམ་དྲན་པའི་དབང་གིས་ཐུགས་ལ་སྐྱོ་གདུང་གིས་ཁེངས་ནས་སྣ་ཁྲག་བཞུར་བ་དང་།  སྐབས་དེར་ཁོང་གིས་སྣ་ཁྲག་ནང་ཚོས་བསྲེས་ནས་ཞལ་ཐང་ཞིག་བྲིས་ཏེ། ཚོང་དཔོན་ནོར་བུ་བཟང་བོ་ལ་ཁྱེད་ཀྱིས་ཐང་ག་འདི་ཕྱིར་ཕ་ཡུལ་དུ་འཁྱེར་རོགས། ངའི་ཨ་མས་ཐང་ག་འདི་མཐོང་ཚེ་ང་མཐོང་པ་དང་ཨ་ན་མ་ན་ཡིན་ཞེས་གསུངས་པ་རེད། 

   ཚོང་དཔོན་ནོར་བུ་བཟང་བོའི་སེམས་སུ་ཞལ་ཐང་འདི་ནི་རིན་ཐང་བྲལ་བའི་ནོར་བུ་རྩ་ཆེན་ཞིག་ཡིན་པར་དགོངས་ནས། གལ་ཏེ་ཁོང་གི་ཡུམ་ཆེན་ལ་སྤྲད་ན་བོར་བརླག་ཏུ་འགྲོ་སྲིད་པར་དོགས་ནས། ལམ་བར་དུ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་གནང་པའི་ཞལ་ཐང་དེ་དང་ཤིན་ཏུ་མཚུངས་པའི་ཐང་ག་ཞིག་བྲིས་པ་རེད། ཨ་མདོ་ཙོང་ཁའི་ཡུལ་དུ་བསླེབས་རྗེས། ལམ་དུ་བྲིས་པའི་ཐང་ག་དེ་རྗེ་རིན་པོ་ཆེའི་ཡུམ་ཆེན་ལ་ཕུལ། སྐབས་དེར། ཞལ་ཐང་སྟེང་གི་སྐུ་བརྙན་དེས་ཡུམ་ཆེན་ལ་ཨ་མ་ཞེས་ཐེངས་གསུམ་ལ་བོས་བས། ཁོང་གི་ཡུམ་ཆེན་གྱི་ཐུགས་ཤིན་ཏུ་དགྱེས་པ་རེད། ཐང་ག་དེ་ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་ཉར་ཚགས་བྱས་ཡོད་ལ། རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་གནང་བའི་ཞལ་ཐང་དེ་ཚོང་དཔོན་ནོར་བཟང་གིས་ཁྱེར་ནས་ཁྭ་ཏའི་ཁ་བབས་དགོན་པ་ན་ཉར་ཚགས་བྱས་ཡོད་པ་དང་། ད་ལྟའང་མཇལ་ཐུབ།  བཤད་རྒྱུན་ལྟར་ན། གལ་ཏེ་རྗེ་རིན་པོ་ཆེ་མཆོག་གིས་ཕྱག་བྲིས་གནང་བའི་ཞལ་ཐང་དེ་ཡུམ་ཆེན་ལ་སྤྲད་ཡོད་ཚེ། ཁོང་གི་ཡུམ་ཆེན་ལ་ཉིན་ཞག་དྲུག་གི་རིང་ལ་ཁ་བརྡ་བྱེད་ཐུབ་པར་གསུངས། 

   རྗེ་རིན་པོ་ཆེ་མཆོག་གིས་བཞེངས་པའི་ཁོང་གི་ཞལ་ཐང་དེ་ད་ལྟའི་ཁྭ་ཏའི་ཁ་བབས་དགོན་དུ་ཉར་ནས་དགོན་པའི་རྟེན་གཙོ་བོར་གྱུར་ཡོད་པ་མ་ཟད། ཕྱོགས་བཞིའི་ཡུལ་ནས་ཡོང་བའི་དད་ལྡན་མང་ཚོགས་ཀུན་གྱིས་སྤྱི་བོའི་གཙུགས་སུ་བཀུར་ནས་མཆོད་མཇལ་དང་གུས་ཕྱག་ཕུལ་སར་གྱུར་ཡོད། 

 

 

  

<