དགེ་བཤེས་ཐོབ་ཐང་གི་བྱུང་བ།

2017-11-17
དགེ་བཤེས་གཏོང་བའི་ཐོབ་ཐང་ལམ་ལུགས་གྱི་རིམ་པ་འདི་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པའི་ཁྱད་ཆོས་དམིགས་བསལ་ཞིག་ཡིན་པ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་མཐོ་ལྡིང་དགོན་དུ་འཆད་ཉན་གྱི་གྲྭ་གཉེར་བ་ནས་རིམ་བཞིན་དར་བ་རེད། རྔོག་བློ་ལྡན་ཤེས་རབ་ཀྱིས་གསང་ཕུ་དགོན་དུ་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ་བཅས་སློབ་གཉེར་བྱེད་པའི་བཤད་གྲྭ་དང་། བསྡུས་གྲྭའི་རིགས་ལམ་གྱི་ཐོག་མའི་སྲོལ་འབྱེད་པ་ཕྱཱ་པ་ཆོས་ཀྱི་སེང་གེས་ཚད་མ་རིག་པའི་ནང་དོན་གདན་ཆེ་བ་རྣམས་བསྡུས་ཚན་གཉེར་གཅིག་ཏུ་ཕྱེ་ནས་སློབ་ཚན་སོ་སོར་གོ་རིམ་བསྒྲིགས་ཏེ་སློབ་གཉེར་བའི་བློ་གྲོས་དང་བསྟུན་ཏེ་རིགས་ལམ་ཆུང་ངུ་དང་། འབྲིང་བ། ཆེ་བ།  བློ་རིག་དང་རྟགས་རིག་བཅས་དབྱེ་བ་ལྟར་བགོས་ཏེ་རྩོད་པའི་བགྲོ་གླེང་བྱེད་ཚུལ་ལའང་ཁྱབ་མཐའ་འགོད་པ་དང་། རྒྱུ་མཚན་འདྲི་བ།  འཁོར་གསུམ་བསྐོར་བ། ཚ་ཕུལ་བ་དང་རྐང་པ་འདེགས་འཇོག་བྱེད་པ། ལག་པ་རྡེབ་སྐྱོན་བྱེད་པ་བཅས་དགོན་པའི་ཤེས་ཡོན་ཅན་གྱི་དམིགས་བསལ་གྱི་སྐད་ཆ་ཞིག་ཀྱང་དར་འཕེལ་བྱུང་ཡོད། དེར་མ་ཟད་དགེ་རྒན་གྱི་ནུས་པ་དང་ཁྱད་ཆོས་ལ་གཞིགས་ཏེ་འཆད་ཁྲིད་ཀྱི་འོས་འགན་གཏན་འཁེལ་དང་སློབ་ཕྲུག་ཀྱང་འཛིན་གྲྭ་ཁག་བགོ་བ་དང་། འཛིན་གྲྭ་སོ་སོའི་སློབ་ཡུན་གཏན་འཁེལ། འཛིན་གྲྭ་ཕན་ཚུན་གཏུག་རེས་དང་། མཐོ་ས་ནས་དམའ་སར་གྲྭ་བསྐོར་གཏོང་བ། གཞན་ཡང་སློབ་གཉེར་ཡག་གྲས་རྣམས་གྲྭ་ཚང་གཞན་དུ་གྲྭ་བསྐོར་དམ་བཅར་གཏོང་བ། ལོ་རེའམ་སློབ་དུས་སོ་སོའི་ཆོས་ཐོག་གི་སློབ་ཚན་ནང་དོན་གཏན་འཁེལ་ཐོག་སྦྱངས་འབྲས་ཐོན་ཆེ་ཆུང་ལ་གཞིགས་ཏེ་མཚན་གནས་སྤྲོད་པ་ལ་སོགས་པའི་ལུགས་སྲོལ་དར་ཞིང་། དཔལ་གསང་ཕུ་དགོན་དུ་གླིང་སྟོད་དང་གླིང་སྨད་གཉིས་གཅིག་ཏུ་བསྲེས་པ་ལས་བྱུང་བའི་ལུང་རིགས་གྲྭ་བསྐོར་གཏོང་བ་ལ་གླིང་བསྲེའི་དམ་བཅམ་ཞེས་ཐོག་མར་བྱུང་། དུས་རབས་བཅུ་གསུམ་ནང་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་རྩེད་ཐང་དུ་རབས་འབྱམས་གྲྭ་བསྐོར་གྱི་རྒྱུན་སྲོལ་བཙུགས་པ་ནས་གཞུང་བཀའ་པོད་ལྔར་རྩོད་ཞིབ་ཀྱི་སྦྱངས་པ་མཐར་སོན་པ་ལ་རབ་འབྱམས་པ་ཞེས་པའི་མཚན་རྟགས་སྤྲོད་སྲོལ་ཡང་རྒྱ་ཆེར་དར། དུས་རབས་བཅུ་བཞིའི་ནང་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་རྗེ་བློ་བཟང་གྲགས་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་དག་ཐེར་དང་འབྲེལ་སློབ་གཉེར་བྱེད་ལུགས་དང་། གཞུང་དོན་རྣམ་གྲངས། སློབ་ཁྲིད་ཀྱི་སྒྲིག་གཞི་བཅས་ཀྱི་ཐད་འགྱུར་ལྡོག་ཆེན་པོ་བཏང་བ་མ་ཟད། སྦྱངས་པ་བྱས་པའི་མཚན་རྟགས་སློབ་གནས་སྤྲོད་ལམ་ཡང་འཕེལ་རྒྱས་བྱུང་སྟེ། རི་བོ་དགེ་ལྡན་པས་གཙོས་དགོན་པ་ཆེ་ཆུང་ཁག་མང་པོར་དབུ་ཕར་འདུལ་མཛོད་བཅས་པ་གཞུང་ཆེན་བཞི་ལ་སྦྱངས་པ་མཐར་ཕྱིན་ཏེ་གྲྭ་བསྐོར་བཏང་བའི་འབྲས་རྟགས་སུ་དཀའ་བཞི་པ་ཞེས་པའི་སློབ་གནས་མཚན་རྟགས་སྤྲོད་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱིས་གཞུང་བཀའ་པོད་ལྔའི་དགོངས་འགྲེལ་དང་བཅས་པ་ཐོས་སྦྱངས་མཐར་ཕྱིན་པ་བྱས་པའི་འབྲས་རྟགས་སུ་དཀའ་བཅུ་པ་ཞེས་པའི་མཚན་རྟགས་བླངས་པ་ནས་དཀའ་བཅུ་པའམ་དཀའ་ཆེན་པའི་མཚན་རྟགས་ལམ་སྲོལ་དར། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དགོངས་རྫོགས་སུ་ཚོགས་མཆོད་ཆེན་མོ་བཙུགས་པ་དང་ཆབས་ཅིག་ཚོགས་མཆོད་ཉིན་བཅུའི་རིང་སྨོན་ལམ་ཆེན་མོ་དང་འདྲ་བར་གདན་ས་གསུམ་གྱི་དགེ་བཤེས་ཁག་ཅིག་གྲྭ་བསྐོར་དམ་བཅའ་བཞག་སྲོལ་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་བཙུགས་ཤིང་རྒྱུན་སྤེལ་བ་ནས་ཚོགས་རམས་པའི་མཚན་རྟགས་དར་བ་དང་། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་རྒྱན་གྱིས་དགའ་ལྡན་ཁྲི་ཚབ་མཛད་པའི་སྐབས་སེ་འབྲས་དགའ་གསུམ་གྱི་སློབ་གཉེར་བཟང་གྲས་རྣམས་ལྷ་ལྡན་སྨོན་ལམ་ཆེན་མོའི་ཐོག་གྲྭ་བསྐོར་བཞེངས་ཏེ་ཨང་རིམ་དང་བཅས་ལྷ་རམས་པའི་མཚན་རྟགས་ཕུལ་བའི་སྲོལ་དར་བ་ནས་ལྷ་རམས་པའི་ཐོབ་ཐང་ལམ་ལུགས་དར་བ་དང་། སྐབས་དེ་དུས་ལྷ་རམས་པའི་ལུགས་སྲོལ་གཏོད་མཁན་ནི་ཁྲི་དཀོན་མཆོག་ཆོས་འཕེལ་ཡིན་པར་བཤད། རིགས་རམས་པའམ་རྡོ་རམས་པའི་སྲོལ་འབྱེད་པ་དང་དུས་ག་དུས་དར་བར་མ་ངེས་ནའང་གདན་ས་སོ་སོའི་ཚོགས་ཆེན་རྡོ་གཅལ་དུ་དགེ་བཤེས་གཏོང་བ་ལ་ཟེར། སྔགས་རམས་པ་ནི་སངས་རྒྱས་བསྟན་པ་མདོ་སྔགས་གཉིས་སུ་དབྱེ་བའི་མདོ་ཕྱོགས་ཀྱི་གཞུང་ལུགས་ཀུན་ལ་དགག་བཞག་སྤོང་གསུམ་གྱི་བགྲོ་གླེང་དཔྱད་ཞིབ་བཅས་ཀྱིས་སྦྱངས་པ་མཐར་སོན་པ་ན་གསང་ཆེན་རྒྱུད་གྲྭ་སྟོད་སྨད་རྣམ་གཉིས་གང་རུང་དུ་རྒྱུད་སྡེའི་རྣམ་གཞག་ཐམས་ཅད་དང་ཁྱད་པར་གསང་བདེ་འཇིགས་སོགས་ཀྱི་རྩ་རྒྱུད་འགྲེལ་དང་སྐྱེད་རྫོགས་ཀྱི་ཐོག་ནས་སྔགས་ཀྱི་དམ་བཅའ་བཞག་པ་ལ་ཟེར་བ་དང་། རྗེ་བློ་བཟང་གྲགས་པའི《སྔགས་རིམ་ཆེན་མོ》བརྩམས་པ་ནས་སྔགས་རམས་པའི་ལམ་ལུགས་དར་བར་བཤད།
<