སྐུ་འབུམ་བྱམས་པ་གླིང་གི་དབྱར་གནས་དམ་བཅའ་ཆེན་མོ།

2017-10-10

 

  གཞུང་ཆེ་ཆུང་མང་པོར་དམ་བཅའ་བཞག་སྟེ་དགེ་བཤེས་ཀྱི་ཐོབ་ཐང་སྤྲོད་པའི་ལམ་ལུགས་ནི་བོད་དུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་དགོན་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་དང་།  སློབ་གཉེར་ལ་བསྐུལ་འདེད་ཀྱི་ནུས་པ་དང་ཐོབ་ཐང་།  གཞུང་ལུགས་ལ་བརྡར་ཤ་གཅོད་པའི་བྱེད་ཐབས་ཁྱད་པར་བ་ཞིག་ཀྱང་ཡིན།  བོད་དུ་ཕྱི་ལོ་དུས་རབས་བཅུ་གཅིག་པའི་ནང་ལོ་ཙཱ་བ་རིན་ཆེན་བཟང་པོས་མངའ་རིས་མཐོ་ལྡིང་དགོན་དུ་འཆད་ཉན་གྱི་གྲྭ་བཙུགས་པ་ནས་རིམ་བཞིན་དར་ལ། དེ་ནས་རྔོག་བློ་ལྡན་ཤེས་རབ་མཆོག་གིས་གསང་ཕུ་དགོན་དུ་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན། དབུ་མ་བཅས་ལ་སློབ་གཉེར་བྱེད་པའི་བཤད་གྲྭ་དང་། སློབ་དཔོན་ཕྱ་བ་ཆོས་ཀྱི་སེང་གེས་ཚད་མ་རིག་པའི་ནང་དོན་གནད་ཆེ་བ་རྣམས་བསྡུས་ཚན་སོ་སོར་ཕྱེ་ནས་འཛིན་གྲྭའི་སློབ་ཚན་སོ་སོར་གོ་རིམ་བསྒྲིགས་པ་དང་།  རྩོད་པའི་བགྲོ་གླེང་བྱེད་ཚུལ།  འཛིན་གྲྭ་ཁག་བགོ་བ། སློབ་ཡུན་གཏན་འཁེལ། འཛིན་གྲྭ་ཕན་ཚུན་གཏུག་རེས་དང་དམ་བཅར་བཞུགས་པ།  སློབ་གཉེར་ཡག་གྲས་རྣམས་གྲྭ་ཚང་གཞན་དུ་གྲྭ་སྐོར་དམ་བཅའ་གཏོང་བ་སོགས་ཀྱི་སྲོལ་བཙུགས་པ་དང་བསྟུན།  གསང་ཕུ་རང་དུ་གླིང་སྟོད་དང་གླིང་སྨད་གཉིས་གཅིག་ཏུ་བསྲེས་པ་ལས་བྱུང་བའི་གཞུང་ཆེན་པོར་ལུང་རིགས་ཀྱིས་དམ་བཅའ་འཇོག་པ་ལ་གླིང་བསྲེའི་དམ་བཅའ་དང་རབ་འབྱམས་པའི་དམ་བཅའ་སོགས་བྱུང་། 

  ཕྱིས་སུ་དུས་རབས་བཅུ་བཞི་བའི་ནང་དགེ་ལུགས་པའི་བསྟན་པའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་རང་ཉིད་ནས་ཀྱང་དགུང་ལོ་བཅུ་དགུའི་སྟེང་གསང་ཕུ་དང་བདེ་བ་ཅན་སོགས་སུ་ཕར་ཕྱིན་དམ་བཅའ་དང་།  དགུང་ལོ་ཉེར་བཞིའི་གནས་སྐབས་སུ་རྣམ་འགྲེལ་དང་མངོན་པ་གོང་འོག  འདུལ་བ་མདོ་རྩ་དང་བཅས་པའི་གྲྭ་སྐོར་དམ་བཅའ་མཛད་པས།   རི་བོ་དགེ་ལྡན་པས་གཙོས་དགོན་སྡེ་ཆེ་ཆུང་ཁག་མང་པོ་ནས་ཚད་མ་དང་དབུ་ཕར་འདུལ་མཛོད་བཅས་གཞུང་ཆེན་པོ་ལྔ་དང་།  སྔགས་རྒྱུད་སྡེ་བཞི་སོགས་ལ་སྦྱངས་པ་མཐར་ཕྱིན་རྗེས་མཁས་མང་ཚོགས་པའི་དབུས་སུ་དམ་བཅར་བཞུགས་པའི་འབྲས་རྟགས་སུ་དཀའ་བཞི་བ་དང་།  དཀའ་བཅུ་བ།  རབ་འབྱམས་པ།  ལྷ་རམས་པ།  སྔགས་རམས་པ་ལ་སོགས་པའི་བསླབ་རིམ་གྱི་མཚན་རྟགས་སྤྲོད་པའི་སྲོལ་བྱུང་བའོ།། 

1505807008573387.jpg 

1505806945756001.jpg 

  ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཡང་སྨོན་ལམ་རབ་འབྱམས་པའི་དམ་བཅའ་དང་སྔགས་རམས་པའི་དམ་བཅའ། གླིང་བསྲེའི་བཀའ་བཅུའི་དམ་བཅའ།  གཞུང་དམ་བཅའ། བསྡུས་གྲྭའི་དམ་བཅའ་སོགས་མང་པོ་ཞིག་ཡོད་པ་ལས། གཞུང་བསྡུས་གཉིས་ཀྱི་དམ་བཅའ་ནི་ཆུ་བཟང་བ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་སྐུ་འབུམ་ཁྲི་ཆེན་བཅོ་བརྒྱད་པར་བཞུགས་དུས་རྣམ་གནོན་ལྕགས་འབྲུག་ཕྱི་ལོ1700ལོར་བཅའ་ཡིག་གསར་བརྩམས་གནང་བ་དང་བསྟུན།  ལོ་རེའི་དཔྱིད་ཆོས་རྗེས་མ་དང་དབྱར་གནས་ཆོས་ཐོག་གཉིས་ཀྱི་སྟེང་གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཉིན་གསུམ་རེར་འཇོག་རྒྱུའི་སྲོལ་བཏོད།  འདི་ནས་བཟུང་ཇི་སྲིད་བསྟན་པ་གནས་ཀྱི་བར་དུ་རྒྱུན་མི་འཆད་པའི་བཀའ་ཁྱབ་ཡི་གེར་གཏན་ལ་ཕབ་པར་མཛད་དེ། སྐུ་འབུམ་བྱམས་པ་གླིང་གི་གཞུང་ཆེན་བཀའ་པོད་ལྔ་མཐར་ཕྱིན་པའི་དགེ་བཤེས་བཟང་ཤོས་ཤིག་དང་བསྡུས་གྲྭའི་འཛིན་གྲྭ་ལྔ་མཐར་ཕྱིན་པའི་བློ་རིགས་འཛིན་གྲྭའི་རིགས་ལམ་བཟང་བའི་སློབ་གཉེར་བ་བཟང་ཤོས་གཉིས་ཀྱིས་ལོ་རེའི་དཔྱིད་ཆོས་རྗེས་མའི་སྟེང་གཞུང་བསྡུས་གཉིས་ཀྱི་དམ་བཅའ་དང་།  ཡང་དེ་འདྲ་བ་གཞན་གཉིས་ཀྱིས་ལོ་རེའི་དབྱར་གནས་སྟེང་གཞུང་བསྡུས་གཉིས་ཀྱི་དམ་བཅའ་འཇོག་པའི་སྲོལ་བྱུང་། 

  ཕྱིས་མཚོ་སྔོན་དུས་འཁྲུག་དང་རྒྱ་སོག་གི་འཁྲུག་པ་སོགས་ཀྱིས་ཆོས་སྡེ་ཆེན་པོའི་འཆད་ཉན་ལ་གོད་ཆགས་ཐེབས་པའི་རྐྱེན་བྱས།  གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཡང་དུས་ཡུན་ཐུང་ངུའི་རིང་ཚོགས་མ་ཐུབ་པ་བྱུང་ཡང་། བསྟུད་མར་དམ་པ་མང་པོའི་ཐུགས་བསྐྱེད་ལས་བསྐྱར་གསོ་བྱེད་ཐུབ་པ་བྱུང་། 

  རིག་གནས་གསར་བརྗེའི་གོད་ཆག་དང་རླུང་འཚུབ་ཀྱིས་བོད་ཁུལ་གྱི་དགོན་སྡེ་གཞན་དག་དང་འདྲ་བར་བཤད་སྒྲུབ་ཀྱི་བྱ་བར་ཉམས་ཉེས་བྱུང་སྟེ། ཆོས་སྡེ་རང་གི་གཞུང་བསྡུས་གཉིས་ཀྱི་དམ་བཅའ་འཇོག་པའི་སྲོལ་ཡང་ལོ་ངོ་སུམ་ཅུའི་རིང་ལ་མཚམས་ཆད་པར་གྱུར།  ཆོས་སྒོ་ཕྱེས་རྗེས་ཡང་བསྐྱར་གཞུང་བསྡུས་གཉིས་ཀྱི་དམ་བཅའ་སླར་གསོ་བྱས་ཏེ་སྔོན་མའི་ཕྱག་སྲོལ་ཇི་ལྟ་བ་བཞིན་ལོ་རེའི་དཔྱིད་ཆོས་རྗེས་མ་དང་དབྱར་གནས་ཆེན་མོའི་སྟེང་གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཚོགས་བཞིན་པའོ།། 

  ད་ལོ་སྟེ་བོད་མེ་བྱ་ཕྱི་ལོ2017ལོའི་སྐུ་འབུམ་བྱམས་པ་གླིང་གི་དབྱར་གནས་སྟེང་གི་གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཆེན་མོ་ཡང་འདི་ལོའི་ཧོར་ཟླ་བདུན་པའི་ཚེས་ཉི་ཤུ་ནས་ཉིན་གསུམ་གྱི་རིང་གཞུང་དམ་བཅའ་དང་།  ཚེས་ཉེར་གསུམ་ནས་ཉིན་གཉིས་ཀྱི་རིང་བསྡུས་གྲྭའི་དམ་བཅའ་སྔར་སྲོལ་བཞིན་ཚོགས། དམ་བཅའ་ཆེན་མོའི་སྟེང་དུ་ལོ་སྔོན་མ་དག་དང་འདྲ་བར་སྐུ་འབུམ་དཔལ་ལྡན་བཤད་སྒྲུབ་གླིང་གི་བཀའ་རམས་དང་འདུལ་བ།  མཛོད།  དབུ་མ།  ཕར་ཕྱིན་སྐབས་བཞི་བ།  ཕར་ཕྱིན་སྐབས་དང་པོ་རྗེ་སྒོ་གཉིས། གཞུང་གསར་འཛིན་གྲྭ་བཅས་འཛིན་གྲྭ་བརྒྱད་ཀྱི་དགེ་བཤེས་དང་རྟོག་གེ་པ་མང་པོས་གཞུང་ཆེན་བཀའ་པོད་ལྔ་ལས་འཕྲོས་ཏེ་རིག་པའི་བགྲོ་གླེང་གྱ་ནོམ་པ་གནང་ལ།  བློ་རིགས་དང་རྟགས་རིགས(རྣམ་འགྲེལ)།  བསྡུས་ཆེན།  བསྡུས་འབྲིང་།  ཁ་དོག་འཛིན་གྲྭ་བཅས་འཛིན་གྲྭ་ལྔའི་རིགས་ལུང་བ་དག་གིས་ཀྱང་ཚད་མ་སྡེ་བདུན་ཡན་ལག་དང་བཅས་པ་ལས་འཕྲོས་ཏེ་རིགས་པའི་བརྒལ་བརྟག་གྱ་ནོམ་པ་དང་བཅས་ད་ལོའི་གཞུང་བསྡུས་གཉིས་ཀྱི་དམ་བཅའ་ཆེན་མོ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུས་པའོ།། 

  དམ་ཆོས་མངོན་པ་མཛོད་དང་འདུལ་བའི་གཞུང་།།

  ལེགས་པར་བཤད་པའི་བླ་མེད་སྤྱི་དོན་དང་།།གངས་ཅན་མཁས་གྲུབ་རྗེ་སྒོའི་མཐའ་དཔྱོད་གཉིས།།ཟུང་དུ་འབྲེལ་བའི་སྐུ་འབུམ་བཤད་སྒྲུབ་གླིང་།།འཆད་རྩོད་རྩོམ་པའི་རབ་སྙན་རྒྱལ་རྔ་འབུམ།།མཐའ་དབུས་གདུལ་བྱའི་དཔལ་དུ་རྡུང་མཁས་པའི།།ཕས་རྒོལ་མཐར་བྱེད་རིགས་སྨྲ་དཔའ་བོའི་ཚོགས།ཐུབ་བསྟན་རིན་ཆེན་སྲུང་བའི་དཔལ་དུ་འགྱིངས།།སླད་ཡང་བསིལ་ལྡན་ལྗོངས་ཀྱི་ལིམྦུའི་ཚལ།།འཇམ་མགོན་རྒྱལ་བའི་མདོ་སྔགས་ཟུང་འབྲེལ་གྱི།།འཁྲུལ་བྲལ་ལུགས་བཟང་བསྟན་པ་རིན་ཆེན་མཆོག།དབྱར་གྱི་མཚོ་བཞིན་འཕེལ་ཞིང་རྒྱས་བར་ཤོག ། 

  ཅེས་ཕྱི་ལོ2017ལོའི་ཧོར་ཟླ7པའི་ཚེས24ཉིན་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཁྲི་སྐལ་བཟང་བརྩོན་འགྲུས་སུ་འབོད་པས་བྲིས་པའོ།། ཁ་དྲོ། 

  གཞུང་དམ་བཅའ་བས་བཤད་པ་འདོན་བཞིན་པ། 

1505806945601578.jpg 

1505806945822429.jpg 

1505806945945364.jpg 

1505806946190274.jpg 

1505806946367918.jpg 

1505806946882110.jpg 

1505806946668786.jpg 

  བསྡུས་གྲྭའི་དམ་བཅའ་བས་བཤད་པ་འདོན་བཞིན་པ།  

  

1505806946682178.jpg 

1505806946489108.jpg 

1505806946918416.jpg 

<