དྲུག་པའི་ཚེས་བཞི།

2017-07-27

 

  དམ་པའི་དོན་དུ་འགྲོ་བ་ཡི།།

  སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན།།

  ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར།།

  ཚོགས་ཀྱང་དེ་ཡི་མཐའ་ཐུག་བྱེད།།

  སྔོན་གྱི་བཤད་རྒྱུན་ལྟར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་བོ་ཤཱཀྱ་ཐུབ་པ་སངས་རྒྱས་ནས་རེ་ཞིག་མི་སྨྲ་ནགས་སུ་བཞུགས་པའི་ཚེ། ལྷའི་དབང་བོ་ཚངས་པ་དང་བརྒྱ་བྱིན་གྱིས་གསེར་གྱི་འཁོར་ལོ་རྩིབ་སྟོང་འབར་བ་དང༌། དུང་དཀར་གཡས་སུ་འཁྱིལ་བ་ཕུལ་ནས་བསྟན་པ་དང་འགྲོ་བ་སེམས་ཅན་གྱི་ཆེད་དུ་ཆོས་འཁོར་བསྐོར་བར་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ཟླ་དྲུག་པའི་ཚེས་བཞིའི་ཉིན་དུས་ལ་བབས་པར་གཟིགས་ནས་འཁོར་ལྔ་སྡེ་བཟང་བོ་ལ་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རེད།    

  སྟོན་པ་ཤྰཀྱ་ཐུབ་པའི་ངོ་མཚར་བའི་མཛད་རྗེས་འདི་ལ་ཡིད་སྨོན་དང་རྗེས་དྲན་ཞུ་ཆེད། ང་ཚོ་ནང་བ་སངས་རྒྱས་བའི་ཆོས་ཀྱི་རྗེས་སུ་འཇུག་མཁན་རྣམས་ཀྱིས་ཉིན་དེར་སྤྱིར་ན་སེམས་ཅན་ཐམས་ཅད་དང་སྒོས་སུ་རང་ཉིད་ཀྱི་བྱ་གཞག་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ཚེ་རིང་ནད་མེད་འོང་བ། རྒྱུ་ནོར་ལོངས་སྤྱོད་འཕེལ་བར་ལྷ་ཚོགས་ལ་སྨོན་ལམ་འདེབས་པ་དང་སྐྱབས་འཇུག་ཞུ་ལ། ཡང་ཡུལ་འགའ་ཤས་སུ་ཉིན་དེར་རི་མཐོ་ས་དང་ས་གཙང་ས། དགོན་པ་དང་ལྷ་ཁང་ནས་ལྷ་བསང་དང༌། རྟེན་མཇལ་དང༌། ཆོས་འདོན་པ་མ་ཟད། གླིང་ག་སོགས་སུ་འོང་སྟེ་ཟས་ཞིམ་པོ་དང་ཇ་མངར་མོ། ཆང་བཟང་བོ་འཐུང་ནས་སྐྱིད་པའི་གླུ་ལེན་པ་དང་དགའ་བའི་བྲོ་འཁྲབ་པའི་སྲོལ་ཡང་འདུག 

  རྗེས་སུ་རིམ་འགྲོས་ཀྱིས་ཆོས་དང་འབྲེལ་ཆེ་བའི་དུས་ཆེན་དེ་དམངས་ཁྲོད་ཀྱི་དུས་ཆེན་ཞིག་ལ་གྱུར་ནས་དེ་ཉིན་བོད་པ་ཚོས་བཟའ་ཆ་སོགས་འཁྱེར་ཏེ་ལྷ་སའི་ཉེ་འགྲམ་གྱི་རི་ཁྲོད་ཁག་ལ་གནས་མཇལ་དུ་སྐྱོད་ནས་རི་སྐོར་བྱེད་པ་དང་རླུང་རྟ་སྒྲོག་པ། བསང་གསོལ་སོགས་བྱས་ནས་སངས་རྒྱས་ཀྱི་བསྟན་དར་བའི་གསོལ་འདེབས་སྨོན་ལམ་བྱེད་ཀྱི་ཡོད་པ་རེད། 

<