བཅོ་ལྔ་མཆོད་པ།

2017-10-13
0
       
    བཅོ་ལྔ་མཆོད་པ་ནི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཆོ་འཕྲུལ་དུས་ཆེན་ཉིན་ཏེ། རྗེ་ཙོང་ཁ་པ་ཆེན་པོས་སྲོལ་གཏོད་པའི་མཛད་ཆེན་བཞིའི་གྲས་ཤིག་ཡིན། དེའང་ལྷ་སའི་བཅོ་ལྔ་མཆོད་པ་ཞེས་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་པའི་ཆོ་འཕྲུལ་དུས་ཆེན་དངོས་གཞི་ཡིན་པ་དང་། གཙོ་བོ་ནི་མཆོད་པ་གཤོམས་པའི་དུས་ཆེན་ཞིག་ཏེ་མཆོད་གཞུང་ནང་གསལ་ལྟར་མཆོད་པའི་འཁྲི་ཁུངས་སོ་སོས་བར་སྐོར་ཧྲིལ་པོར་མར་ཚོན་ལས་གྲུབ་པའི་མཆོད་པའི་སྐར་ཕྲེང་གིས་ཁེངས་ཤིང་། མཆོད་པ་འགའ་ཤས་ཀྱི་མཐོ་ཚད་ལ་ཐོག་བརྩེགས་གཉིས་གསུམ་བར་ཡོད་པ་དང་། མཆོད་པ་སོ་སོའི་དབུས་སུ་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ལག་རྩལ་གྱི་ཁྱད་ཆོས་མར་ཚོན་ལས་གྲུབ་པའི་རྒྱས་སྤྱོད་ཁང་བཟང་བཀོད་པས་རབ་ཏུ་ཕྱུག་པའི་ནང་མཉམ་མེད་ཤཀྱའི་རྒྱལ་པོའི་སྐུ་བརྙན་དང་རྒྱན་དྲུག་མཆོག་གཉིས། རྗེ་ཡབ་སྲས་གསུམ། མཆོད་པའི་ལྷ་མོ་དགའ་མགུའི་གར་རྩེད་ཀྱི་རྣམ་པ་འཆང་བ། ཚེ་རིང་དྲུག་སྐོར། མཐུན་པ་སྤུན་བཞི། ཧྭ་ཤང་སྦྱིན་བདག་སོགས་ཀྱི་མདུན་སྐར་ཚོགས་ཀྱི་ཕྲེང་བ་ཐང་ལ་ཉིལ་འདྲའི་མར་མེ་སོགས་སྣ་ལྔའི་མཆོད་སྦྱིན་གྱིས་མཛེས་པར་བྱས་ཤིང་། དེའི་དགོང་མོ་ས་ཕྱོགས་ཁག་ནས་ཡོང་བའི་བོད་མི་ཚོས་འཚང་ཁ་ཤིག་ཤིག་ངང་མཆོད་པ་མཇལ་བར་འགྲོ་བ་དང་། ལྷ་སའི་ཉེ་འཁོར་གྲོང་གསེབ་གྲིབ་པ་དང་ར་མ་སྒང་པ་སོགས་ཚོ་དང་ཚོ་བྱས་ནས་བྱིན་རླབས་ཀྱི་མཚན་ཁ་ཡོངས་སུ་འབར་བའི་མཆོད་པའི་མདུན་དུ་སྒོར་གཞས་རྒྱག་པ་དང་གླུ་གཞས་བཏང་ནས་མཚན་གང་སྡོད་སྲོལ་ཡོད།
  • 顶 0