ཆོ་འཕྲུལ་སྨོན་ལམ་ཆེན་མོ།

2016-09-27
   
   ཆོ་འཕྲུལ་ཅེས་པའི་ཐ་སྙད་དེའི་གོ་དོན་གང་ཡིན་ཟེར་ན། དེ་ནི་རྫུ་འཕྲུལ་ཏེ་ལུས་སེམས་ཀྱི་ཤིན་སྦྱངས་ལ་བརྟེན་ནས་སྐྱེས་པའི་སྤྲུལ་པའི་ནུས་ཤུགས་ལ་ཟེར་ཤིང་། དེའང་སྟོན་པ་ཤཀྱ་ཐུབ་པས་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་དུས་ཚོད་ནང་བདུད་དང་མུ་སྟེགས་པའི་རིགས་རྣམས་ཆུ་འཕྲུལ་སྣ་ཚོགས་ཀྱི་ཐབས་ལ་བརྟེན་ནས་ཚར་བཅད་པའི་རྗེས་དྲན་གྱི་ཚུལ་དུ་ཆོས་རྒྱལ་མྱ་ངན་མེད་པས་ཆོ་འཕྲུལ་ཆེན་མོའི་དུས་ཆེན་བཙུགས་གནང་བས་ཡུལ་ལུང་ཀུན་ཏུ་བཀྲ་ཤིས་ལོ་ལེགས་དང་། དུས་བདེ་ཞི་འཇགས་བྱུང་བར་གྲགས། 

    ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ཟླ་བ་དང་པོར་ལྷ་ས་གཙུག་ལག་ཁང་དུ་འཛུགས་གནང་མཛད་པའི་ཆོ་འཕྲུལ་སྨོན་ལམ་ཆེན་པོའི་མཆོད་པ་དེ་ཡིན། དེའང་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཡོངས་རྫོགས་གདན་དྲངས་ཏེ་གཙུགས་ལག་ཁང་དུ་ཚེས་གྲངས་ཆད་ལྷག་བབ་ཀྱིས་ཚེ་གསུམ་བཞི་གང་རུང་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔ་བར་ཉིན་ཉི་ཤུ་རྩ་གཅིག་རིང་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་གཟབ་རྒྱས་དང་འབྲེལ་དགེ་འདུན་ཡོངས་ལ་ཉིན་རེའི་ཚོགས་དུས་གསུམ་སོ་སོར་གསོལ་ཇ་དང་། བཞེས་ཐུག ཚ་ར། སྐུ་འགྱེད་སོགས་བསྙེན་བཀུར་བླ་ན་མེད་པ་གནང་སྟེ་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་ཞལ་འདོན་ཐུགས་སྨོན་རྒྱ་ཆེ་མཛད་སྲོལ་གཏོད། དེའི་རིང་དགོང་དྲོ་ས་རུབ་པའི་རྗེས་འཁྱམས་རའི་ནང་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་མཁན་རྣམས་ཀྱིས་བཀའ་པོད་ལྔའི་བགྲོ་གླེང་བགྲན་རྩོད་གནང་གི་ཡོད། ད་དུང་སྨོན་ལམ་ཆེན་མོའི་རིང་ས་ཕྱོགས་གང་ས་ནས་དད་ལྡན་མང་པོ་ལྷ་སར་སྨོན་ལམ་མཇལ་བར་ཕེབས་པ་དང་། མང་ཇ་སྐུ་འགྱེད་སོགས་དགེ་འབུལ་ཞུ་ཐུབ་ན་སྐལ་བ་བཟང་བར་བརྩི་སྲོལ་ཡོད།

<