འཛམ་གླིང་སྤྱི་བསང་།

2016-09-27
   
   མཆོད་པ་ཆེན་པོ་བཞིའི་ཡ་གྱལ་དུ་གྱུར་པའི་མཛད་སྒོ་དེ་ནི་མི་ལོ་སྟོང་གི་གོང་སྟེ། མཁན་སློབ་ཆོས་གསུམ་གྱི་སྐུ་དུས་སུ། དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ཁང་ལག་ཁང་གསར་བཞེངས་ལེགས་གྲུབ་བྱུང་ནས། སྐྱེ་བོ་མཆོག་དམན་ཡོངས་ཀྱིས་དེ་ཕྱིར་དགའ་སྟོན་རྒྱ་ཆེ་གཟབ་རྒྱས་གནང་བ་དང་འབྲེལ།   གུ་རུ་པད་མ་འབྱུང་གནས་ཀྱིས་ལྷ་སྲིན་གདུག་པ་ཅན་དམ་ལ་བཏགས་པའི་དུས་དང་བསྟུན་ནས།   འཛམ་བུ་གླིང་གི་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཀུན་ལ་བསང་གི་བརྔན་པའི་དུས་བཟང་དེར།   འཛམ་གླིང་སྤྱི་བསང་ཞེས་སུ་གྲགས། ལྷ་ས་ལ་སོགས་བོད་རིགས་ས་ཁུལ་མང་པོ་ཞིག་ལ་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་རི་བསང་ཆུ་བསང་གཏོང་བའི་དུས་ཆེན་དེ་ནི་གོང་གི་གོམས་གཤིས་ལས་བྱུང་བ་ཞིག་རེད།  དེའི་ཐོག་མའི་དམངས་ཁྲོད་ཀྱི་རྣམ་པ་ཅི་འདྲ་ཡིན་མིན་ཞིབ་པར་རྟོག་འདོད་ན། འཛམ་གླིང་སྦྱི་བསང་ཞེས་པའི་གླིང་སྒྲུང་གི་དཔེ་ཆ་དེ་གཟིགས་ན་མདོ་ཙམ་རྟོགས་ཐུབ།
<