དཔལ་མགོན་འཕགས་པ་ཀླུ་སྒྲུབ།

2016-01-08

  དཔལ་མགོན་པོ་འཕགས་པ་ཀླུ་སྒྲུབ་ནི། ལངྐར་གཤེགས་པ་ལས། ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། དགེ་སློང་དཔལ་ལྡན་ཆེར་གྲགས་པ། དེ་མིང་ཀླུ་ཞེས་འབོད་པ་སྟེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། ང་ཡི་ཐེག་པ་འཇིག་རྟེན་དུ། བླ་མེད་ཐེག་ཆེན་རབ་བཤད་ནས། རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། བདེ་བ་ཅན་དུ་དེ་འགྲོའོ། ཞེས་གསུངས་པ་ལྟར། སྟོན་པ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་རྗེས། རྒྱ་གར་ལྷོ་ཕྱོགས་བེ་དེའི་ཡུལ་དུ་བྲམ་ཟེ་གཙུག་ཕུན་ཅན་གྱི་སྲས་སུ་སྐུ་འཁྲུངས། 

 

  ཡུམ་གྱིས་མཚན་མཁན་ལ་བསྟན་པས། དེས་མཚན་བཟང་མོད། ཞག་བདུན་གྱི་ཚེ་ལས་མི་འདུག་ཟེར་བས། ཐབས་ཅི་ཡོད་ཅེས་དྲིས་པ་ན། ཕལ་པ་དང་བྲམ་ཟེ། དགེ་སློང་ལྔ་བརྒྱ་ལ་གསོལ་སྟོན་དྲངས་ན་རིམ་བཞིན་ཞག་བདུན་དང། ཟླ་བ་བདུན། ལོ་བདུན་འཚོ་ཐུབ། དེ་ནས་ཐབས་མེད་ཟེར་བས། དེ་ལྟར་བྱས་ཏེ་དགུང་ལོ་བདུན་དུ་ཉེ་བ་ན། ཕ་མས་རང་གི་བུ་འཆི་བར་བལྟ་མ་ནུས་པར་གཡོག་དང་བཅས་ནགས་སུ་འཁྱམ་དུ་བཏང༌། རིམ་བཞིན་བྲམ་ཟེ་ས་ར་ཧ་དང་མཇལ་ནས། སྐུ་ཚེ་བསྲིངས་ཤིང་རབ་ཏུ་བྱུང༌། ཕྱིས་སུ་བསྙེན་པར་རྫོགས་ནས་མཚན་ལ་དགེ་སློང་དཔལ་ལྡན་ཞེས་གསོལ། གཞན་ཡང་བྱང་སེམས་བློ་གྲོས་རིན་ཆེན་སོགས་ལས་ཀྱང་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་ཏེ་མཁས་པའི་ཡུལ་དུ་གྱུར། བར་སྐབས་ཤིག་ལ་ཡུལ་དེར་མུ་གེ་ཆེན་པོ་བྱུང་བས། མཁན་པོས་བསྐུལ་བ་ལྟར་ནྭ་ལེན་ཌའི་དགེ་འདུན་གྱི་ཞལ་ཏ་པ་མཛད། རྒྱ་མཚོའི་གླིང་ཞིག་ནས་གསེར་གྱི་རྩི་བཞེས་ཤིང༌། ཕྱོགས་གཞན་ནས་འཚོ་བའི་ཡོ་བྱད་རྣམས་དྲངས་ཏེ་ལོ་བཅུ་གཉིས་བར་དུ་དགེ་བདུན་རྣམས་ལ་འཚོ་བ་ཕོངས་པ་མེད་པར་སྦྱོར་བར་མཛད།

  སྐབས་དེ་དག་ཏུ་བསླབ་ཁྲིམས་འཆལ་བའི་དགེ་འདུན་སྟོང་ཕྲག་མང་པོ་གནས་ནས་ཕྱུངས། སྐལ་ལྡན་རྣམས་ལ་སྡེ་སྣོད་གསུམ་དང། ལྷག་པར་དུ་དམ་པའི་ཆོས་འདུལ་བ་རྒྱ་ཆེར་སྤེལ་བར་མཛད་དེ། སྔོན་སྟོན་པས་ཆོས་འཁོར་དང་པོ་བསྐོར་བ་དང་མཚུངས་པ་ཆོས་ཀྱི་སྒྲ་ཆེན་ལན་དང་པོ་བསྒྲགས། དེའི་ཚེ་བདེ་བྱེད་ཅེས་བྱ་བས་ཐེག་ཆེན་གྱི་ལྟ་སྤྱོད་གཉིས་ཀར་རྨ་འབྱིན་པའི་གཞུང་མང་པོ་བརྩམས་པ་དང། ཐེག་ཆེན་ལ་ལོག་པར་མྲ་བ་མཐའ་དག་རིགས་པས་སུན་ཕྱུངས།

  སྐབས་ཤིག་ན་སྐལ་ལྡན་རྣམས་ལ་ཆོས་རྒྱ་ཆེར་བསྟན་པའི་དུས་བྱིས་པ་གཉིས་ཆོས་ཉན་དུ་འོངས་པ་ན། དྲི་ཞིམ་ཕྱོགས་ཀུན་ཁྱབ། དེ་གཉིས་སོང་བའི་རྗེས་དྲི་ངད་ཡལ་བས། དེའི་རྒྱུ་མཚན་དྲིས་པར་ངེད་གཉིས་ཀླུའི་རྒྱལ་པོ་འཇོག་པོའི་བུ་ཡིན། མིའི་དྲི་མ་སྲུང་ཕྱིར་ཙན་དན་གོཤིརྵ་བྱུགས་པ་ཡིན་ཞུས། འོ་ན་དེ་ལྟ་བུའི་ཙན་དན་གང་དུ་ཡོད་དམ་དྲིས་པས། ཡབ་ལ་འདྲིའོ། ཟེར་བ་བཞིན་དྲིས་པས། ཡབ་ཀྱིས་སློབ་དཔོན་ཀླུ་ཡུལ་དུ་བྱོན་ན་འབུལ་ཞུས་པས། སློབ་དཔོན་ཀྱི་ཀླུ་མང་པའི་རྒྱུད་ལ་དགེ་རྩ་བསྐྱེད་པ་དང། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་གདན་འདྲེང་འདྲེན་རྒྱུ་སོགས་དགོས་པ་དུ་མར་གཟིགས་ཏེ་ཀླུ་ཡུལ་དུ་བྱོན།

  ཀླུ་རྣམས་ཀླུས་མཆོད་པ་རྒྱ་ཆེ་དང་བཅས་ཆོས་སྟོན་པར་གསོལ་བ་བཏབ་པ་ན། དེར་ཆོས་མང་པོ་བརྟན་པས་ཀླུ་རྣམས་ཡིད་མགུ་སྟེ་ཀླུ་ཡུལ་དུ་བཞུགས་པར་ཞུས་ཀྱང༌། ད་ལྟ་མཆོད་རྟེན་བྱེ་བ་བཞེངས་དགོས་པ་སོགས་ཀྱིས་ཁོམ་པ་མེད། ཕྱིས་སུ་འོང་སྲིད་ཅེས་བསྲུངས་ཏེ་ཀླུའི་འདམ་མང་པོ་དང༌། ཤེར་ཕྱིན་སྟོང་ཕྲག་བརྒྱ་པ། གཟུངས་རྣམས་གདན་དྲངས་ཏེ་འཛམ་བུའི་གླིང་དུ་བྱོན། ཀླུ་རྣམས་ཀྱིས་སློབ་དཔོན་སླར་ཀླུ་ཡུལ་དུ་འབྱོན་རྒྱུའི་གཏའ་མ་ལྟ་བུར་འབུམ་གྱི་གཤམ་ནས་ཅུང་ཟད་མ་བསྐུར་བས། བརྒྱད་སྟོང་པའི་རྟག་ཏུ་ངུ་དང༌། ཆོས་འཕགས་ལེའུ་གཉིས་རྗེས་སུ་འབུམ་རྒྱས་པའི་གཤམ་དུ་སྦྱར་བར་གྲགས་སོ།

  དེ་ནས་ལི་ཁ་ར་ཞེས་པའི་ཡུལ་དུ་ཕེབས། གསེར་འགྱུར་གྱི་སྒོ་ནས་སྦྱིན་པ་རྒྱ་ཆེར་མཛད། མཉན་ཡོད། གནས་བཅས། ཙམ་པ་ཀ། ཝྭ་རྭ་ཎ་སི། རྒྱལ་པོའི་ཁབ། ཡངས་པ་ཅན་ཏེ་རྒྱ་གར་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་གིས་གཙོས་ཕྱོགས་ཐམས་ཅད་དུ་གཙུག་ལག་ཁང་དང༌། མཆོད་རྟེན་མང་པོ་བཞེངས། ཆོས་སྨྲ་བ་རྣམས་ལ་ཆོས་གཞིས་གཞིའང་བཙུགས། ཤེར་ཕྱིན་གདན་དྲངས་ནས་ཐེག་ཆེན་གྱི་སྲོལནུབ་པ་དེ་སླར་གསོ་མཛད་དེ་ཆོས་སྟོན་པའི་སྐབས་ཀླུ་རྣམས་ཀྱིས་སྦྲུལ་གྱི་གདེངས་ཀ་ཕུལ་བ་སོགས་གྲོགས་བྱས་པས་ཀླུ་སྒྲུབ་ཅེས་མཚན་ཆགས། ཁྱད་པར་དུ་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེའི་ཟབ་དོན་དབུ་མར་འགྲེལ་བའི་བསྟན་བཅོས་རྩ་བ་ཤེས་རབ་ཅེས་བྱ་བ་སོགས་མཛད་དེ།

  སྔོན་སྟོན་པས་ཆོས་འཁོར་བར་པ་བསྐོར་བ་དང་མཚུངས་པའི་དམ་པའི་ཆོས་ཀྱི་སྒྲ་དབྱངས་གཉིས་པ་བསྒྲགས། སྐུ་ཚེའི་སྨད་ལ་གཙོ་ཆེར་ལྷོ་ཕྱོགས་དཔལ་གྱི་རིར་བཟུགས་ཏེ་མདོ་སྔགས་གཉིས་ཀའི་ཆོས་འཁོར་རྒྱ་ཆེར་བསྐོར། ལྷག་པར་ཆོས་དབྱིངས་བསྟོད་པ་སོགས་མཛད་དེ། སྔོན་སྟོན་པས་ཆོས་འཁོར་ཐ་མ་བསྐོར་བ་དང་མཚུངས་པའི་ཆོས་ཀྱི་སྒྲ་ཆེན་པོ་གསུམ་པ་བསྒྲགས་སོ། མདོར་ན་གདུལ་བྱ་བགྲང་ལས་འདས་པ་ཐེག་པ་ཆེན་པོའི་ལམ་ལ་འཁྲིད་པ་དང༌། སྡེ་སྣོད་གསུམ་དང༌། རྒྱུད་སྡེ་བཞིའི་དགོངས་འགྲེལ་བསྟན་བཅོས་ཀྱང་མང་དུམ་ཛད།

  དེ་ལྟར་བསྟན་པའི་བྱ་བ་རྒྱ་ཆེར་མཛད་པ་ན། བདུད་སྡིག་ཏོ་ཅན་མ་བཟོད་པར། སྒྱལ་པོ་བདེ་སྤྱོད་ཀྱི་བུར་སྐྱེ་བ་བླངས་ཏེ། རྒྱལ་སྲིད་ཐོབ་ཕྱིར་ཡབ་དང་སྐུ་ཚེ་གཅིག་པའི་སློབ་དཔོན་གྱི་དབུ་བསླངས། ཁོང་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེར་གནས་སྟབས་གནང་བ་ཞལ་གྱིས་བཞེས། རྩ་ཀུ་ཤས་དབུ་བཅད་དེ་སྐུ་ཁྲག་འོ་མའི་རང་བཟིན་དུ་བྱུང༌། དབུ་དེའི་ཞལ་ནས། ང་ནི་འདི་ནས་བདེ་བ་ཅན་དུ་འགྲོ། ཕྱིས་ནས་ལུས་འདི་ལ་ནི་འཇུག་པར་འགྱུར། ཞེས་ཚིག་བྱུང་བས། དབུ་སླར་ཡང་སྐུ་ལུས་ལ་འབྱར་དོགས་ཀྱིས་དཔག་ཚད་ཙམ་དུ་དཔར་ཡང༌། རིམ་གྱིས་ཇེ་ཉེར་སོང་སྟེ་མཐར་དབུ་སྐུ་ལུས་ལ་འབྱར་ནས་སླར་ཡང་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པར་འགྱུར་རོ་ཞེས་གསུངས་སོ།

  འཕགས་པ་ཀླུ་སྒྲུབ་ལ་སློབ་མ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མང་ཡང༌། གཙོ་བོ་ཐུགས་སྲས་བཞི་དང། ཉེ་བའི་སྲས་གསུམ་སྟེ་བདུན་ཡོད། དང་པོ་བཞི་ནི། ཤཱཀྱ་མི་ཏྲ། ནཱ་ག་བོདྷི། ཨཱརྱ་དེ་ཝ། མ་ཏངྐ་པ་དང་བཞི། གཉིས་པ་ཉེ་བའི་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་རྣམས་སོ།།

<