གླིང་གི་ཕ་ས་འགུ་ཟི་དགོན་ནས་གསར་དུ་རྙེད་པའི་ལྡེབས་བྲིས།

2018-09-13
0

 

  ཟླ་ཤས་སྔོན་དུ། སྡེ་དགེའི་འགུ་ཟི་དགོན་གྱི་གཙོ་ཁང་གི་ཟུར་ཞིག་གློ་བུར་དུ་རྡིབ་རྗེས་ལྡེབས་བྲིས་རྙིང་པ་ཚོ་ཞིག་གསར་དུ་བུད་པའི་འདྲ་པར་ཁ་ཤས་རྫོང་སར་བློ་གྲོས་ཕུན་ཚོགས་ཀྱིས་ང་རང་གི་འཕྲིན་ཕྲན་དུ་བསྐུར་བྱུང་། མ་ཚད་ཁོང་ལོ་བཅུའི་སྔོན་དུ་འགུ་ཟི་དགོན་དུ་ཕེབས་སྐབས་རི་མོ་དེ་དག་མཐོང་མྱངས་ཤིང་། ཁོང་གིས་བལྟས་ན་རི་མོ་དེ་དག་ལ་བཀའ་གདམས་རྙིང་མའི་རི་མོའི་ཤན་ཞུགས་ཆེ་བས་ལོ་རྒྱུས་ཡུན་རིང་པོ་ལྡན་པས་ཧ་ཅང་རིན་ཐང་ཆེ་ཚུལ་དགོན་པའི་འགན་ཁུར་བ་ལ་བཤད་པར་མ་ཟད། གང་མོས་ཀྱིས་ཉམས་གསོ་བྱ་མི་ཉན་པའི་བསམ་ཚུལ་ཡང་བཏོན་མྱངས་གསུངས། 

  ང་རང་གིས་མྱུར་བར་དགོན་པ་དེའི་མཁན་པོ་ཚེ་རིང་རྡོ་རྗེ་དང་འབྲེལ་བ་བྱས་ཏེ་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱས། མཁན་པོ་དེའི་ཕ་ཡུལ་ནང་ཆེན་ནས་ཡིན་པས་དགོན་པ་འདིར་མཁན་པོ་མཛད་ནས་ལོ་བཅུ་ལྷག་ལས་མ་ཕྱིན་པས་གཙོ་ཁང་ནང་དེ་འདྲའི་རི་མོ་ཡོད་པ་གཏན་ནས་མཐོང་མ་མྱོང་གསུངས། ཁོང་གིས་རི་མོ་དེ་དག་གི་རིན་ཐང་དང་ལོ་རབས་ཁ་གསལ་པོ་ཞིག་མི་ཤེས་རུང་། ཕར་བལྟས་ཚོད་ལ་ཧ་ཅང་རྙིང་པ་ཡིན་པའི་ཉམས་འདུག་གསུངས། 

  ད་ལོའི་ཟླ་བ་༨པའི་ཚེས་༡༠ཉིན་ང་རང་ཆེད་དུ་འགུ་ཟི་དགོན་དུ་སོང་ནས་ལྷ་ཁང་རྙིང་པའི་ལྡེབས་བྲིས་པར་དུ་བླངས་པ་དང་གནས་ཚུལ་དངོས་ལ་རྟོག་ཞིབ་བྱས་པ་ཡིན། 

  ལྷ་ཁང་རྙིང་པའི་གནས་སྟངས་དང་ཁྱད་ཆོས། 

  འགུ་ཟི་དགོན་གྱི་ལྷ་ཁང་རྙིང་པ་དེ་ནི་ད་ལྟའི་གླིང་འགུ་ཟི་དགོན་གྱི་འདུ་ཁང་གི་ཕུག་ཏུ་གནས་པས་གཙང་ཁང་ལྟ་བུར་གྱུར་འདུག འོན་ཏེ་འཛུགས་སྐྲུན་ཁྱད་ཆོས་དང་གསར་རྙིང་གི་རྣམ་པའི་ཐོག་ནས་བལྟས་ན་ད་ལྟའི་གཙང་ཁང་དེ་སྔོན་ཆད་ལྷ་ཁང་ཁེར་ཚུགས་ཤིག་དང་རྗེས་སུ་དེའི་ཟུར་དུ་ད་ལྟའི་འགུ་ཟི་དགོན་གྱི་འདུ་ཁང་དེ་བཞེངས་ནས་ལྷ་ཁང་རྙིང་པ་དེ་གཙང་ཁང་དུ་གྱུར་སོང་བ་འདྲ། རྒྱུ་མཚན་ནི་གཙང་ཁང་གི་ཀ་གདུང་དང་། ལྷག་པར་དུ་ཀ་མགོ་སོགས་ཧ་ཅང་རྙིང་ཉམས་ཆེ་ཞིང་ད་ལྟའི་ཀ་མགོ་ལྟ་བུའི་བརྐོས་རིས་སོགས་རྒྱས་པ་མེད་རུང་དེའི་བཟོ་དབྱིབས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་འདུག གཞན་ནང་གི་ལྡེབས་བྲིས་འབྲི་སྟངས་ཀྱི་རྣམ་པ་ཡང་འདུ་ཁང་ཆེན་མོ་དང་གཏན་མི་འདྲ། གཙང་ཁང་ཧ་ཅང་རྙིང་བས་དད་བརྟན་ཙམ་ལས་ཕལ་ཆེར་སྤྱོད་སྒོ་མེད་པ་གྱུར་པ་དང་ནང་དུ་གློག་ཀྱང་འཐེན་མེད་པས་དུས་རྒྱུན་ནང་དུ་མི་འགྲོ་བཞིན་མེད་པས་ཤེས་མཁན་ཀྱང་དེ་ལས་དཀོན། ད་དུང་ལྷ་ཁང་རྙིང་པའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་གཙང་ཁང་གི་ཕྱི་རུ་བར་འཁྱམས་ཀྱིས་བསྐོར་ཡོད་ཅིང་བར་འཁྱམས་ཀྱི་གྱང་གི་གཡས་གཡོན་དུ་ལྡེབས་བྲིས་ཡོད་ཀྱང་ད་ལྟ་ཕྱོགས་མང་པོའི་ལྡེབས་བྲིས་གསལ་པོ་མཐོང་མི་ཐུབ་པར་གྱུར་འདུག 

  ལྷ་ཁང་རྙིང་པའི་ནང་གི་ལྡེབས་བྲིས་ཀྱི་མཚོན་དོན། 

  ང་རང་འགྲོ་སྐབས་ལྷ་ཁང་རྙིང་པ་རྡིབ་སོང་བ་དེ་ཞིག་གསོ་བྱས་ཟིན་འདུག དགའ་འོས་པ་ཞིག་ནི་ཞིག་གསོ་བྱེད་སྐབས་ནང་གི་ལྡེབས་བྲིས་དང་གྱང་ངོས་སོགས་ལ་གནོད་སྐྱོན་གང་ཡང་བྱུང་མི་འདུག བླ་མ་ཚུལ་བློ་ནི་དགོན་པ་དེའི་དགུང་ལོ་བགྲེས་ཤོས་གྲས་ཡིན་པས་ཁོང་གིས་ང་རང་ནང་དུ་ཁྲིད་ནས་ལྷ་ཁང་རྙིང་པའི་སྐོར་ངོ་སྤྲོད་གནང་། རིག་གནས་གསར་བརྗེའི་སྐབས་སུ་ནང་གི་འཇིམ་སྐུ་དང་ལྡེབས་བྲིས་མང་དག་ལ་གཏོར་བཤིག་ཚབས་ཆེན་ཐེབས་པས་ད་ལྟ་རྒྱབ་ཡོལ་གྱི་རི་མོ་ཙམ་ལས་འཇིམ་སྐུ་གཅིག་ཀྱང་མཇལ་མི་ཐུབ་པར་གྱུར། བླ་མ་ཚུལ་བློས་རྗེས་དྲན་གནང་བ་ལྟར་ན། གཙོ་ཁང་གི་སྒོའི་གཡས་གཡོན་ཕྱོགས་གཉིས་སུ་ད་ལྟ་ལུས་པའི་མེ་རི་ཡིས་བསྐོར་བའི་རི་མོའི་ནང་དུ་ཁྲོ་བོ་མི་གཡོ་བ་དཀར་སྔོན་གཉིས་ཟེར་རུང་ཁོང་གིས་རྗེས་དྲན་གནང་སྐབས་གཉིས་ཀ་སྔོན་པོ་ཡིན་སྣང་འཆར་འདུག་གསུངས། གཡས་གཡོན་གཉིས་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་འཇིམ་སྐུ་ཡོད་པས་ད་ལྟ་མཐོང་སྣང་དུ་མ་གྲུབ། ད་དུང་གནས་བརྟན་བཅུ་དྲུག་འཇིམ་སྐུ་ཡོད་ཀྱང་ཕལ་ཆེར་གཏོར་བརླག་ཏུ་གྱུར། དབུས་སུ་ཐུབ་པ་བྱེའུ་གྲོད་མ་ཞེས་པའི་འཇིམ་སྐུ་རྩ་ཆེན་ཞིག་ཡོད་ཀྱང་གཏོར་བརླག་ཐེབས་པ་དང་། ད་ལྟ་དབུས་ཀྱི་གྱང་ངོས་ཡོངས་སུ་མར་མེ་མཛད་དང་། བྱམས་པའི་ལྡེབས་བྲིས་ཆུང་ཆུང་གཉིས་ལས་ཅི་ཡང་མཐོང་རྒྱུ་མི་འདུག གཡོན་ཕྱོགས་གྱང་ངོས་ཀྱི་སྟོད་དུ་བདེ་བཤེགས་སོ་ལྔ་ལས་ད་ལྟ་ལྡེབས་བྲིས་༡༦ཙམ་མཇལ་ཐུབ་པ་དང་ད་དུང་གུ་རུ་དང་བླ་སྐུ་ཁ་ཤས་ཀྱི་ལྡེབས་བྲིས་མཇལ་ཐུབ། མཆོད་རྟེན་ཆ་བརྒྱད་ལས་ད་ལྟ་གཉིས་གསལ་པོ་མཇལ་ཐུབ། ད་དུང་གདུགས་དང་བ་དན་སོགས་དང་མིང་འདོག་མི་ཤེས་པའི་རི་མོ་ཁ་ཤས་མཇལ་རྒྱུ་འདུག གཡས་ངོས་ཀྱི་སྟོད་དུ་ད་དུང་ལྡེབས་བྲིས་བདུན་ཙམ་གསལ་པོར་མཐོང་ཐུབ། གཞན་དག་ཚང་མ་འཇིམ་སྐུ་ཡིན་པས་རྒྱབ་ཡོལ་གྱི་རི་མོ་ཙམ་ལས་ཚང་མ་གཏོར་བརླག་ཐེབས་ཟིན། 

  ལྡེབས་བྲིས་རྙིང་པའི་དུས་རབས་སྐོར་གྱི་བཤད་ཚུལ། 

  ལྷ་ཁང་དང་རི་མོའི་དུས་རབས་སྐོར་དགོན་པ་རང་ལ་ལོ་རྒྱུས་ཁ་གསལ་པོ་ཞིག་མི་འདུག དགོན་པ་དེའི་མཁན་པོ་ཚེ་རིང་རྡོ་རྗེས་ལྷ་ཁང་རྙིང་པ་དེ་སྨི་ཏི་ཛྙ་ནས་བཞེངས་ཚུལ་གྱི་བཤད་སྲོལ་ཡང་འདུག་གསུངས། རྫོང་གསར་བློ་གྲོས་ཕུན་ཚོགས་ཀྱིས་གསུངས་པ་ལྟར་ན། སྤྱིར་འགུ་ཟི་དགོན་དེ་འགྲོ་མགོན་ཆོས་འཕགས་ཀྱིས་བཞེངས་པ་ཡིན་པའི་ལོ་རྒྱུས་འདུག འོན་ཏེ། ནང་གི་རི་མོའི་ནང་དུ་རྙིང་མ་དང་བཀའ་བརྒྱུད་སྐོར་ཡང་མང་པོ་འདུག་པས་ལྷ་ཁང་འདིའི་ལོ་རྒྱུས་དེ་བས་རིང་དགོས་པ་འདུག་གསུངས། ད་ཐེངས་ང་རང་འགྲོ་སྐབས་ཀྱང་ལྷ་ཁང་རྙིང་པ་དང་ད་ལྟའི་འདུ་ཁང་དེ་གཉིས་མཉམ་དུ་སྦྲེལ་ཡོད་ཀྱང་བཞེངས་པའི་དུས་རབས་མི་འདྲ་བ་ཕྱི་ཚུལ་ཙམ་གྱིས་མཐོང་ཐུབ། གཙང་ཁང་ཕྱི་སྒོ་གཡས་གཡོན་དང་བར་འཁྱམ་སོགས་སུ་བཀའ་བརྒྱུད་སྐོར་གྱི་རི་མོ་མང་དག་མཐོང་རྒྱུ་འདུག ཁ་ཤས་ཕྱིས་སུ་ཚོན་གསོ་བྱས་ཡོད་པ་ཤེས་ཐུབ། སྐབས་དེར་མཁན་པོ་ཚེ་རིང་རྡོ་རྗེས་བསྐུར་བའི་འདྲ་པར་རྣམས་ལམ་སང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་དང་། བོད་ཀྱི་མཁས་དབང་དཀོན་མཆོག་བསྟན་འཛིན། དམངས་ཁྲོད་ཀྱི་ཐང་ག་ཉར་ཚགས་པ་དཀོན་མཆོག་བཀྲ་ཤིས། ནོར་བུ། བསོད་ནམས་གྲགས་པ་དང་། ལྷ་རིས་པ་མཁས་ཅན་ལྟག་ཨུ་རྒྱན་ཆོས་འཕེལ་དང་ཡ་མ་ཚེ་རིང་སོགས་རི་མོ་ལ་ཆ་རྒྱུས་ཆེ་བའི་མཁས་དབང་རྣམས་ལ་དེའི་ལོ་རབས་དང་རིན་ཐང་སྐོར་བཀའ་འདྲི་ཞུས་པ་ཡིན། 

  ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རི་མོ་ཁ་ཤས་དུས་རབས་༡༤པ་ནས་༡༥པ་ཙམ་ཡིན་པ་དང་། ཁ་ཤས་ནི་དུས་རབས་༡༧པ་ཙམ་ཡིན་པའི་དགོངས་འཆར་བཏོན། རི་མོ་ལ་ཉམས་མྱོང་ཆེ་བའི་ཐང་ག་ཉར་ཚགས་པ་དཀོན་མཆོག་བཀྲ་ཤིས་དང་། ནོར་བུ། བསོད་ནམས་གྲགས་པ་སོགས་ཀྱིས་ཀྱང་ལྡེབ་རིས་དེ་དག་དུས་རབས་༡༥པའི་རི་མོ་ཡིན་ཚུལ་བཏོན། ཀྲུང་གོའི་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་གིས་ཀྱང་རི་མོ་དེ་དག་མིང་དུས་རབས་ཡིན་པ་དང་། ཁ་ཤས་ནི་ཆིང་གི་དུས་རབས་སུ་སྣོན་འབྲི་བྱས་པ་ཡིན་པའི་དགོངས་འཆར་བཏོན། བློ་གྲོས་ཕུན་ཚོགས་སོགས་སྡེ་དགེའི་ལྷ་པ་ཁ་ཤས་ཀྱིས་རི་མོ་ཁ་ཤས་ནི་བཀའ་གདམས་རྙིང་མའི་རི་མོའི་ཁྱད་ཆོས་འདུག་པས་ལོ་སྟོང་གི་རི་མོ་ཀྱང་ཡིན་ཚུལ་གྱི་དགོངས་འཆར་བཏོན་བཞིན་འདུག གང་ལྟར་ལྷ་ཁང་རྙིང་པའི་ནང་གི་རི་མོ་དང་། བར་འཁྱམས་ཀྱི་རི་མོ། ད་ལྟའི་འདུ་ཁང་ཆེན་མོའི་ཐོག་འོག་དང་མགོན་ཁང་ནང་གི་གྱང་ལྡེབས་རི་མོའི་འགྲོས་དང་། ཚོན་མདངས། ལྷ་བཀོད། ནང་དོན་སོགས་ལ་བལྟས་ན་དུས་རབས་མི་འདྲ་བ་ཁ་ཤས་ནང་བྱུང་ཞིང་། ཁ་ཤས་སོར་གནས་དང་། ཁ་ཤས་ཚོན་གསོ་བྱས་པ། ཁ་ཤས་དུས་ཀྱི་དབང་གིས་བསྐྱར་འབྲི་བྱས་པ་ཡིན་འདུག 

  མདོར་ན་འགུ་ཟི་དགོན་གྱི་ལྡེབས་བྲིས་ཡོངས་རྫོགས་རིག་གསར་ཁྲོད་དུ་གནོད་སྐྱོན་ཚབས་ཆེན་མ་ཐེབས་པར་སྤྱི་ཚོགས་རྙིང་པའི་ནང་ལུས་པ་ཤ་སྟག་ཡིན་པས་རིན་ཐང་ཧ་ཅང་ཆེན་པོ་ལྡན་འདུག 

  མཁས་དབང་ཚོས་འགུ་གཟི་ནི་གླིང་གི་རྗེས་ཤུལ་གྱི་གཏམ་རྒྱུད་མང་བའི་ས་ཆ་ཞིག་དང་། གླིང་གི་མཁར་ཤུལ་ཡང་དེ་ཡོད་པས་ས་གནས་དེ་ནས་རི་མོ་རྙིང་པ་དེ་དག་བུད་པ་ནི་གླིང་གི་ལོ་རྒྱུས་དང་གེ་སར་རིག་གནས་ཞིབ་འཇུག་བྱ་བའི་ཐད་དོན་སྙིང་གལ་ཆེན་ལྡན་འདུག 

  ལྷ་ཁང་དེའི་རི་མོ་རྙིང་པ་དེ་དག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་བ་དང་། ད་དུང་མཁས་དབང་མང་པོ་ས་གནས་དངོས་སུ་གདན་འདྲེན་ཞུ་ནས་མུ་མཐུད་ནས་ཞིབ་འཇུག་བྱ་དགོས་ཚུལ་གྱི་ཐུགས་རེ་བཏོན། ། 

 

 

 

 

 

 

 

 

 

 

  

  • 顶 0