སྟག་ཚང་ལྷ་མོ་ཀིརྟི་དགོན།

2016-08-10
0

རྨད་བྱུང་ཐུགས་བསྐྱེད་བཟང་པོའི་དགའ་ཚལ་ལས།། 

ཐུབ་བསྟན་འདབ་སྟོང་ཁོ་ལག་རྫོགས་པའི་དཔྱིད།།

ངོ་མཚར་སྤྲུལ་པའི་བཀོད་པ་འབུམ་ཕྲག་གིས།།

སྐྱེ་དགུའི་འདྲེན་གྱུར་ཆོས་ཀྱི་ཉི་མར་བསྔགས།།

  ཞེས་མཆོད་པར་བརྗོད་པ་ཅུང་ཟད་ཀྱིས་མདུན་བསུས་ཏེ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་གདན་སའི་གཙོ་བོ།མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་ལ།དང་པོ་མཚན་གྱི་དོན། གཉིས་པ་དགོན་སྡེ་ཕྱག་འདེབས་པ་པོའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས།གསུམ་པ་དགོན་འདིའི་གྲྭ་ཚང་སོ་སོའི་ལོ་རྒྱུས་མདོ་ཙམ་བརྗོད་པའོ།།

  དང་པོ། མཚན་གྱི་དོན་བཤད་པ། 

  སྟག་ཚང་ལྷ་མོ་ཀིརྟིའི་དགོན་ཞེས་པའི་མཚན་ཐོགས་ཚུལ་ནི།སློབ་དཔོན་པདྨའི་ཞལ་ནས། སྟག་སྲིན་འདུས་པའི་ནགས་མདོ་རུ།། ཞེས་གསུངས་པ་ལྟར་སྔར་དགོན་པ་མ་བཏབ་པའི་སྔ་རོལ་ཏུ་གནས་འདི་ནགས་ཚལ་སྟུག་པོས་ཡོངས་སུ་ཁེངས་ལ།དེར་གཅན་གཟན་དང་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་ཞིང་ལྷག་པར་སྟག་གི་ཚང་ཡོད་པས་སྟག་ཚང་ཞེས་མིང་དུ་གྲགས་པ་དང་།ལྷ་མོ་ཞེས་པ་ནི་ཐུབ་པའི་བསྟན་སྲུང་ཀུན་ཀྱི་གཙོ་མོ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོའི་སྐུའི་སྣང་བརྙན་རྡོ་ལས་གྲུབ་པ་ཁྱད་འཚར་ཞིག་གནས་ཁང་དུ་བཞུགས་པས་ལྷ་མོ་ཞེས་མིང་སྔ་ཕྱི་གཉིས་གཅིག་ཏུ་དྲིལ་བས་སྟག་ཚང་ལྷ་མོ་ཞེས་ཐོག་མར་གནས་མིང་དུ་གྲགས་པ་དང་།རིམ་གྱིས་གནས་ཀྱི་མིང་ཡུལ་མིང་དུ་རྒྱུན་ཆགས་པས་སྟབས་བདེའི་དབང་གིས་ལྷ་མོ་ཞེས་འབོད་པའང་ཡོད།དུས་ཕྱིས་དེ་གའི་གནས་འདབས་རང་དུ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་རྒྱུད་གྲྭ་ཐོག་མར་ཕྱག་འདེབས་མཛད་པས་དགོན་བདག་གི་བླ་མའི་མཚན་གྱིས་ཀིརྟིའི་དགོན་ཞེས་ཡུལ་མིང་དང་བླ་མའི་མཚན་གྱིས་སྟག་ཚང་ལྷ་མོ་ཀིརྟིའི་དགོན་ནམ་ལྷ་མོ་ཀིརྟིའི་དགོན་ཞེས་གྲགས་ལ་བསྡུས་མིང་དུ་ཀིརྟིའི་དགོན་ཞེས་འབོད་པའང་ཡོད་དོ།། 

  ྋཀིརྟི་ཞེས་པའི་མཚན་གྱི་བྱུང་རིམ་ནི། ཀིརྟི་ཞེས་པ་ཡུལ་མདོ་ཁམས་སྨད་ཀྱི་རོང་ཆེན་བཞིའི་ནང་ཚན་ཤར་རྒྱལ་མོ་ཚ་བ་རོང་གི་སྟོད་ཀྱི་སའི་ཆར་རྗེ་བླ་མས་ལུང་གིས་ཟིན་པའི་མགོན་པོའི་བླ་རི་བཞུགས་པའི་ལུང་པ་དེར་ཀིརྟི་ཞེས་མིང་གིས་འབོད་པ་ལ།ཕྱིས་ྋརོང་ཆེན་དགེ་འདུན་རྒྱལ་མཚན་གྱིས་ལུང་པ་དེར་ཀཱ་ལ་རིའི་དགོན་ཕྱག་བཏབ་ཅིང་རྗེའི་རིང་ལུགས་སྤེལ་བས་ཡུལ་མིང་གིས་བླ་མ་ལ་ཀིརྟི་ཚང་ངམ་ཀིརྟིའི་སྐྱབས་མགོན།ཡང་ན་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་ཞེས་ཡོངས་གྲགས་སུ་འབོད་ལ། ཁོང་གིས་ཕྱག་བཏབ་པའི་དགོན་པ་ལའང་ཀིརྟིའི་དགོན་ནམ་ཀིརྟི་དགོན་ཞེས་ཡོངས་ཁྱབ་ཏུ་བརྗོད་པ་ཡིན།དེས་ན་ཐོག་མའི་ཆར་ཀིརྟི་ཞེས་པ་ལུང་པ་ཞིག་གི་མིང་དང་། རིམ་གྱིས་བླ་མའི་མཚན་དུ་གྱུར་པ་དང་།དེས་ཁོང་གིས་ཕྱག་བཏབ་པའི་དགོན་སྡེ་ཁག་ལ་ཀིརྟིའི་དགོན་དང་། བཞུགས་གནས་བླ་བྲང་ལ་ཀིརྟིའི་བླ་བྲང་དང་།མངའ་རིས་དག་ལ་ཀིརྟིའི་ལྷ་སྡེ་དང་མི་སྡེ་ཞེས་ཡོངས་ཁྱབ་ཏུ་འབོད་པ་ཡིན། དེ་དག་གིས་དགོན་པའི་མིང་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་ཞེས་གྲགས་སོ།།

   གཉིས་པ། དགོན་སྡེ་ཕྱག་འདེབས་མཛད་པ་པོ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས།

  དེ་ཡང་སྟག་ཚང་ལྷ་མོ་ཀིརྟི་དགོན་ཕྱག་འདེབས་པ་པོ་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་ཞལ་སྔ་ནས་ཡིན་ལ།དེའི་གོང་དུ་ྋཀིརྟི་སྐུ་ཕྲེང་དང་པོ་རྗེའི་དངོས་སློབ་རོང་ཆེན་དགེ་འདུན་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་ཚ་ཁོའི་མ་དགོན་ཀཱ་ལ་རིའི་དགོན་ཕྱག་འདེབས་ཀྱིས་སྐུ་ཕྲེང་བཞི་དེ་གར་གདན་ས་མཛད་ནས་ཐུབ་བསྟན་སྤྱི་དང་ལྷག་པར་རྗེའི་རིང་ལུགས་དྲི་མ་མེད་པ་བླ་ནས་བླར་སྤེལ་ཞིང་བཞུགས་པ་ཡིན།དེས་ན་གཤམ་དུ་ྋསྐྱབས་མགོན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཉུང་བསྡུས་རེ་བརྗོད་པར་བྱའོ།།  

ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དང་པོ་རོང་ཆེན་ྋདགེ་འདུན་རྒྱལ་མཚན་དཔལ་བཟང་པོའི་མཛད་རྣམ་ཉུང་བསྡུས།

  རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རོང་ཆེན་ལྗགས་ནག་པའམ་རོང་ཆེན་དགེ་འདུན་རྒྱལ་མཚན་དཔལ་བཟང་པོ་ནི།ཡུལ་མདོ་སྨད་ཚ་ཁོའི་བཞག་རའི་ཤོད་ཀྱི་གུར་དབུས་གྲོང་ཚོར་ཡབ་ཀླུ་འབུམ་དང་།ཡུམ་ཨ་སྨན་གཉིས་ཀྱི་སྲས་སུ་ཤིང་སྟག་༡༣༧༤ལོར་སྐུ་འཁྲུངས།ལྗགས་ཀྱི་མདོག་ནག་པོ་ལ་དབུས་སུ་ཨ་དཀར་པོ་ཤིན་ཏུ་གསལ་བས་རོང་ཆེན་ལྗགས་ནག་པ་ཞེས་གྲགས།སྐུ་ན་ཆུང་ངུ་ནས་ཆུར་ལྷུང་བ་གྱེན་ལ་བྱུང་བ་སོགས་གྲུབ་པའི་མཚན་མ་མངོན་ཞིང་ཡི་དམ་ལྷའི་ཞལ་གཟིགས་ཤིང་ལུང་བསྟན་པ་མང་།དགུང་ལོ་བཅུ་དྲུག་ཐོག་དབུས་སུ་བྱོན་ཏེ་གཙང་ཞ་ལུའི་དབེན་གནས་སུ་འཇམ་མགོན་བླ་མ་ཡབ་སྲས་ཀྱིས་གྲུབ་ཆེན་ཁྱུང་པོ་ལྷས་པ་ལས་རྒྱུད་སྡེ་བཞིའི་དབང་གསན་པ་དང་དུས་འཛོམས།རིམ་གྱིས་རྗེ་ཙོང་ཁ་པ་སོགས་ལས་ཚིགས་སྔ་ཕྱིའི་བསླབ་སྡོམ་བཞེས།དབུས་གཙང་དུ་བགྲང་བྱ་ཉེར་གསུམ་རིང་ཡབ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དང་མཁས་གྲུབ་རྗེས་གཙོས།གྲུབ་ཆེན་ཁྱུང་པོ་ལྷས་པ། མཁན་ཆེན་ཕྱག་རྡོར་པ། བླ་མ་ལོ་ཙཱ་པ་སོགས་བསྟེན་ནས་མདོ་སྔགས་ཀྱི་གཞུང་ཆེན་མོ་དག་གསན་བསམ་སྒོམ་སྒྲུབ་ཀྱིས་ངེས་པ་དོན་གྱི་མཁས་གྲུབ་ཆེན་པོར་གྱུར་ཅིང་རྗེའི་དངོས་སློབ་མདོ་རོང་གི་མཁས་པ་མི་བཞིའི་ཡ་གྱལ་དུ་བགྲངས།རྗེའི་མཛད་ཆེན་བཞིའི་ནང་ཚན་རྫིང་ཕྱིའི་བྱམས་པ་ཞིག་གསོ་དང་།ལྷ་ལྡན་གཙུག་ལག་ཁང་ཉམས་གསོ་མཛད་ནས་ཆོ་འཕྲུལ་སྨོན་ལམ་གསར་ཚུགས་དང་། འབྲོག་རི་བོ་ཆེ་གསར་བཞེངས་སྐབས་རྗེའི་ཐུགས་དགོངས་ཇི་བཞིན་འགྲུབ་པའི་ཞབས་ཕྱི་ལྷུར་མཛད་ཅིང་རྗེའི་དྲུང་དུ་ཡུན་རིང་བཞུགས་པ་སོགས་ཀྱིས་དྲུང་ཆེན་དགེ་འདུན་རྒྱལ་མཚན་ཞེས་སྙན་པའི་གྲགས་པས་ཁྱབ།མཁན་ཆེན་ཕྱག་རྡོར་པ་དང་། ལྷག་པར་རྗེ་བླ་མའི་ལུང་བསྟན་དང་བཀའ་དགོངས་བཞིན་ལྕགས་ཡོས་༡༤༡༡ལོའི་དབྱར་ཟླ་ར་བ་ལ་རང་ཡུལ་རྒྱལ་མོ་རོང་དུ་བྱོན།ཆུ་འབྲུག་༡༤༡༢ལོའི་ས་གའི་ཡར་ཚེས་ལ་མ་དགོན་ཀཱ་ལ་རིའི་དགོན་པ་བཀྲ་ཤིས་ལྷུན་གྲུབ་གླིང་ཕྱག་འདེབས་མཛད།དེ་རྗེས་ཚ་ཁོ་དབོན་པོ་དང་བཀའ་བགྲོས་ཀྱིས་ཚ་ཁོ་དབོན་པོས་དམུ་དགེ་དགོན་ཕྱག་འདེབས་སོགས་ཀྱིས་མཚོན་དངོས་དང་བརྒྱུད་པས་དགོན་སྒྲུབ་སྡེ་དུ་མ་གསར་བཞེངས་ཀྱིས་རྗེའི་བསྟན་པ་ཕྱོགས་མཐར་སྤེལ་བས་བསྟན་པའི་དར་ཆེན་བདུན་གྱི་གྲས་སུ་བསྔགས།བཙན་ལྷ་རྒྱལ་པོ་གཡུང་དྲུང་དཔལ་གྱིས་གདན་དྲངས་ཤིང་གཙུག་གི་བླ་མར་བཀུར་ནས་ཡུལ་གྲུ་གསུམ་ཕུལ་ཏེ་ལུགས་གཉིས་མངའ་ཐང་གི་སྒོ་འཕར་ཡངས་པོར་ཕྱེ།མཐར་ཐུགས་རྗེ་ཆེན་པོའི་ལྷ་ཁང་གི་སྒོ་འགྲམ་དུ་ཕྱག་རྗེས་གསལ་བར་བཞག་སྟེ་འདི་མ་ཟད་པར་བསྟན་པ་ཇེ་འཕེལ་དང་བན་རྒན་གྱི་ལག་རྗེས་གསལ་ལེགས་འོངས་ཞེས་གསུངས།དགུང་ཞལ་དོན་བདུན་པ་ལྕགས་རྟ་༡༤༥༠ལོར་སྐུ་ཞི་བར་གཤེགས་པའི་མཛད་པ་བསྟན་ཏོ།། རྣམ་ཐར་རྒྱས་པར་མཁྱེན་འདོད་པ་དག་གིས་རོང་པོ་མཁས་གྲུབ་ཆེན་པོའི་རྣམ་ཐར་དཔག་བསམ་ལྗོན་པར་གཟིགས་པར་འཚལ།གསུམ་པ། ཡུལ་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་གྱི་བྱུང་བ་མདོ་ཙམ་བརྗོད་པ། 

  དེ་ཡང་སྟག་ཚང་ལྷ་མོ་ཀིརྟིའི་དགོན་ནི་ཐོག་མར་སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་གྱིས་ས་འབྲུག་༡༧༤༨ལོར་དགོན་པའི་རྨང་གཞི་བཏིང་།མེ་བྱི་༡༧༥༦ལོར་རྒྱུད་པའི་འདུ་ཁང་གསར་བཞེངས་ཀྱིས་མེ་གླང་༡༧༥༧ལོར་གསེར་ཚོན་བཅས་ལེགས་པར་གྲུབ་ཅིང་གསང་སྔགས་རྒྱུད་པ་གྲྭ་ཚང་གསར་དུ་བཙུགས།ཐོག་མའི་ཆར་སྟག་ཚང་ལྷ་མོ་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་འཁྱིལ་ཞེས་འབོད་པ་ཡིན། དེ་ནས་ྋསྐྱབས་མགོན་སྐུ་ཕྲེང་བདུན་པ་ྋསྐྱབས་མཆོག་ཐུབ་བསྟན་ཉི་མས་ས་སྟག་༡༨༡༨ལོར་མཚན་ཉིད་གྲྭ་ཚང་སྟེ་བློ་གསལ་གླིང་ཐོག་མར་ཕྱག་འདེབས་མཛད་དེ་མདོ་ཕྱོགས་བཀའ་པོད་ལྔའི་འཆད་ཉན་གོང་འཕེལ་དུ་བསྐྱངས་པས་རིམ་གྱིས་གཞུང་ཆེན་བཀའ་པོད་ལྔ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ་དགེ་བཤེས་ལྷ་རམས་པ་བྱོན་པའི་སྲོལ་གཏོད། དེ་ནས་རིམ་གྱིས་དགོན་པའི་མཚན་ལ་སྟག་ཚང་ལྷ་མོ་ཀིརྟིའི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཞེས་འབོད། དེ་ནས་ྋསྐྱབས་མགོན་སྐུ་ཕྲེང་བརྒྱད་པ་ཀུན་གཟིགས་བློ་བཟང་འཕྲིན་ལས་ཀྱིས་མེ་སྤྲེལ་༡༨༩༦ལོ་ནས་རིམ་གྱིས་དུས་འཁོར་གྲྭ་ཚང་རིགས་ལྡན་ཆོས་འཁོར་གླིང་ཕྱག་འདེབས་མཛད། དེ་ནས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོས་ཆུ་སྦྲུལ་༡༩༥༣ལོར་སྔགས་ཀྱི་དམ་བཅའ་ཆེན་མོ་གསར་ཚུགས་ཀྱིས་སྔགས་རམས་པ་བྱོན་པའི་སྲོལ་ཕྱེ། དེས་ན་ཆོས་སྡེ་འདིར་མདོ་སྔགས་རབ་འབྱམས་ལ་སྦྱངས་པ་མཐར་ཕྱིན་པའི་མདོ་སྔགས་རབ་འབྱམས་པ་མང་དུ་བྱོན། ཡང་ྋསྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་འབྲེལ་ལྟར་རང་དགོན་ནས་ས་འབྲུག་༡༩༨༨ལོར་སྨན་པ་གྲྭ་ཚང་དངོས་སུ་གསར་འཛུགས་མཛད་ཅིང་ཆོས་གྲྭ་ཆེན་པོ་འདི་གྲྭ་ཚང་བཞིའི་བདག་ཉིད་དུ་གྱུར་པ་ཡིན། ྋསྐྱབས་མགོན་ཐམས་ཅད་མཁྱེན་པས་ཆུ་འབྲུག་༢༠༡༢ལོར་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་གླེགས་བམ་བཞི་ལྗགས་རྩོམ་གྱིས་དུས་བསྟུན་གྱི་བསྟན་པའི་བགྱི་བ་འགྲན་ཟླ་མེད་པ་མཛད། ཆོས་སྡེ་ཆེན་པོ་འདིར་ཆོས་ཞུགས་མཛད་ནས་ཐོག་མར་མཚན་ཉིད་གྲྭ་ཚང་དུ་ཞུགས་དགོས་པ་དང་།དེ་ནས་བློ་ཚོད་དང་བསྟུན་ནས་རྒྱུད་པ་དང་དུས་འཁོར་སྨན་པ་གྲྭ་ཚང་བཅས་ལ་ཚེགས་བརྒྱབ་ཀྱིས་ཕེབས་དགོས་པ་ཡིན། དེས་ན་ཆོས་སྡེ་ཆེན་པོ་འདིར་སློབ་གཉེར་གྱི་ཁུངས་གནས་མི་འདྲ་བ་སྟེ་གྲྭ་ཚང་བཞི་བཞུགས་པ་གཤམ་དུ་མཚམས་སྦྱོར་མདོ་ཙམ་བྱའོ།།

   ༡༽གསང་ཆེན་རིག་པ་འཛིན་པའི་འདུས་སྡེ་རྒྱུད་པ་གྲྭ་ཚང་གི་བྱུང་བ་མདོ་ཙམ་བརྗོད་པ།

  དེ་ཡང་གསང་སྔགས་རྒྱུད་པ་གྲྭ་ཚང་ནི།ཐོག་མར་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་གྲུབ་དབང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་མེ་བྱི་༡༧༥༦ལོར་རྒྱུད་པའི་འདུ་ཁང་གསར་བཞེངས་ཀྱིས་མེ་གླང་༡༧༥༧ལོར་འདུ་ཁང་གསེར་ཚོན་བཅས་ལེགས་པར་གྲུབ།སྐུ་འབུམ་པ་བསོད་ནམས་བློ་གྲོས་གདན་ཞུས་ཀྱིས་ཐོག་མའི་འཆད་ཉན་གྱི་བླ་མ་དང་། ཅོ་ནེ་དགོན་ནས་མཁྱེན་ཡངས་བྱམས་པ་བློ་གྲོས་བྱིངས་འདྲེན།ཕུགས་འདུམ་བཀའ་བཅུ་པ་དགེ་སྐོས་སུ་བསྐོས་བཞག་སོགས་ཀྱིས་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད།གྲྭ་ཚང་གི་མཚན་ལ་གསང་ཆེན་རིག་པ་འཛིན་པའི་འདུས་སྡེ་དགེ་ལྡན་བཀྲ་ཤིས་འཁྱིལ་ཞེས་ཀྱང་འབོད།བདེ་ཆེན་རྣམ་རྒྱལ་གླིང་ཞེས་པ་རྒྱུད་པའི་འདུ་ཁང་གི་མིང་དུ་གསལ། ཆོས་སྡེ་ཆེན་པོ་འདིའི་ཐོག་མའི་གྲྭ་ཚང་གསང་སྔགས་རྒྱུད་པ་གྲྭ་ཚང་ཡིན།ལྕགས་སྦྲུལ་༡༧༦༡ལོར་ཁ་གྱ་བློ་བཟང་ཚུལ་ཁྲིམས་རྒྱུད་པའི་དཔོན་སློབ་ཏུ་བསྐོས། འཇིག་གསང་གཉིས་ཀྱི་སྒྲུབ་མཆོད་བཙུགས་པ་ཕྱག་ལེན་ད་ལྟའི་བར་བསྐྱངས། 

   བདེ་མཆོག་སྒྲུབ་མཆོད་སྔར་ནས་ཡོད་ཅིང་བདེ་མཆོག་སྨོན་ལམ་ཕྱིས་སུ་ཨ་ལགས་རྨོག་རུ་ཚང་གིས་ཚུགས་པར་བཤད།དེས་ན་གྲྭ་ཚང་འདིར་བདེ་གསང་འཇིགས་གསུམ་སོ་སོའི་མགོ་ས་ཆོག་ནས་མཇུག་རྡུལ་ཚོན་ཆབ་འདྲེན་ལ་ཐུག་གི་བར་གྱི་འདོན་རྟ་དབྱངས།རྡུལ་ཕྱག་ལེན་ཐམས་ཅད་རྒྱུད་ལྡན་བླ་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་ད་ལྟའི་བར་དུ་བསྐྱངས་པས་ཡུལ་ཁམས་ཆོས་སུ་འཇུག་པའི་ཕྱག་རྗེས་བླ་ན་མེད།ལོ་གཅིག་གི་ཆོས་ཐོག་ལ་དཔྱིད་ཆོས་ཆེན་མོར་བདེ་མཆོག་ཆོས་ཐོག་དང་། དབྱར་གནས་ལ་གསང་འདུས་ཆོས་ཐོགས་དཀར་ཆོས་ཐོག་ལ་འཇིགས་བྱེད་ཆོས་ཐོག དགུན་ཆོས་ལ་འཇིགས་བྱེད་ཆོས་ཐོག ལོ་མཇུག་ཏུ་དགུ་གཏོར་བཅས་ཡོད།གྲྭ་ཚང་འདི་རྒྱུད་སྡེ་སྤྱིའི་འཆད་ཉན་དང་། བྱེ་བྲག་དཀྱིལ་འཁོར་སོ་སོའི་བྲི་ཐིག་དང་།ས་གར། རྡུལ་ཚོན། བློས་བསླངས་བཞེངས་ཚུལ། སྒྲུབ་མཆོད། གཏོར་སྒྲུབ། ལྕགས་མཁར།གཏོར་ཆེན། རབ་གནས། སྦྱིན་སྲེག་སོགས་ལས་རབ་འབྱམས་ཀྱི་འདོན་ཕྱག་ལེན།དབྱངས་དང་རྔ་རོལ།བཅའ་བཤམ་ཚུན་ཆད་ཕྲ་ཞིབ་ཁུངས་དག་ངེས་སློབ་ཅིང་གཤར་སྦྱང་ལ་འབད་དགོས་པ་ཡིན། 

   ༢༽སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་མཚན་ཉིད་གྲྭ་ཚང་ངམ་བློ་གླིང་གྲྭ་ཚང་གི་བྱུང་བ་མདོ་ཙམ་བརྗོད་པ། 

  དེ་ཡང་སྟག་ཚང་ལྷ་མོ་ཀིརྟིའི་དགོན་གྱི་མཚན་ཉིད་གྲྭ་ཚང་ངམ་བློ་གླིང་གྲྭ་ཚང་ནི།ཐོག་མར་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བདུན་པ་ྋསྐྱབས་མཆོག་ཐུབ་བསྟན་ཉི་མ་དཔལ་བཟང་པོ་མཆོག་གིས་མེ་གླང་༡༨༡༧ལོར་མཚན་ཉིད་གྲྭ་ཚང་གསར་འཛུགས་ཀྱི་དབུ་བརྩམས་ཏེ་འཛིན་གྲྭ་སོ་སོའི་མཚན་ཐོ་བསྒྲིགས་པ་དང་རྒྱུགས་འཇོག་པ་སོགས་མཛད།ས་སྟག་༡༨༡༨ལོར་བློ་གླིང་མཁན་ཟུར་བློ་བཟང་ཕུན་ཚོགས་ཚོགས་ཆེན་ཁྲིར་བསྐོ་བཞག་གིས་མཁས་མང་བློ་གསལ་གླིང་གི་སྲོལ་ཇི་ལྟ་བ་བཞིན་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས།ཤིང་འབྲུག་༡༨༤༤ལོར་བཀའ་པོད་ལྔའི་དམ་བཅའ་ཉིན་གསུམ་གྱི་བར་བཞག་སྟེ་སྨོན་ལམ་རབ་འབྱམས་པའི་དམ་བཅའི་སྲོལ་གསར་དུ་ཕྱེ།དེ་རྗེས་ྋསྐྱབས་མགོན་སྐུ་ཕྲེང་བརྒྱད་པ་ཀུན་གཟིགས་བློ་བཟང་འཕྲིན་ལས་དཔལ་བཟང་པོ་མཆོག་གིས་ཤིང་བྱ་༡༨༨༥ལོར་བློ་གླིང་གྲྭ་ཚང་གི་འཛིན་གྲྭ་སོ་སོའི་ལོ་རེའི་རྩོད་མཚམས་བགོས་ཏེ་བཀའ་པོད་ལྔའི་འཆད་ཉན་ལོ་བསྟུད་མར་གནང་རིམ་གྱི་རྩོད་ཡིག་ལྗགས་རྩོམ་མཛད་པས་འཆད་ཉན་གོང་འཕེལ་དུ་བསྐྱངས། རྩོད་ཡིག་འདི་ལོ་བརྒྱ་དང་ཉེར་བརྒྱད་ཙམ་ལ་ཀིརྟིའི་གདན་ས་ཁག་གི་སློབ་གཉེར་གྱི་གཞི་འཛིན་ས་ཡིན།དུས་སྐབས་འདི་འདྲ་ཞིག་ནས་དགོན་པའི་མཚན་རྒྱས་པ་ལ་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཞེས་ད་ལྟའི་བར་འབོད། 

  ྋསྐྱབས་མགོན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོས་ཆུ་སྦྲུལ་༡༩༥༣ལོར་སྔགས་ཀྱི་དམ་བཅའ་ཆེན་མོ་གསར་འཛུགས་ཀྱིས་སྔགས་རམས་པ་བྱོན་པའི་སྲོལ་གསར་དུ་ཕྱེ།ཤིང་ལུག་༡༩༥༥ལོར་ལྔ་པའི་དམ་བཅའ་ཆེན་མོ་གསར་ཚུགས་ཀྱིས་བཀའ་པོད་ལྔའི་འཆད་ཉན་རྒྱས་ཐབས་ཁོ་ན་ལྷུར་བཞེས་པར་མཛད།ྋསྐྱབས་མགོན་ཐམས་ཅད་མཁྱེན་པས་ཆུ་འབྲུག་༢༠༡༢ལོར་བཅའ་ཡིག་རིན་པོ་ཆེ་བློ་གསལ་འཇུག་ངོགས་ཟུར་རྒྱན་དང་བཅས་པ་གླེགས་བམ་བཞི་ལྗགས་རྩོམ་གྱིས་ཀིརྟིའི་གདན་ས་ཁག་གི་སྔར་གྱི་འཆད་ཉན་གནང་སྟངས་ལ་དུས་བསྟུན་གྱི་འགྱུར་བ་བཏང་སྟེ་སྔོན་འགྲོའི་ནང་བསྟན་སློབ་གླིང་ནས་ལོ་དགུའི་རིང་སྐད་ཡིག་གསུམ་གྱིས་གཙོས་སློབ་གཉེར་གནང་ཕྱོགས་དང་།མཚན་ཉིད་གྲྭ་ཚང་ལ་འཛིན་གྲྭ་ཉེར་གཅིག་སྟེ་བསྡུས་གྲྭ་དང་བློ་རྟགས་ལ་འཛིན་གྲྭ་ལྔ།ཕར་ཕྱིན་ལ་འཛིན་གྲྭ་བདུན། དབུ་མ་ལ་འཛིན་གྲྭ་གསུམ། མཛོད་ལ་འཛིན་གྲྭ་གསུམ།འདུལ་བ་ལ་འཛིན་གྲྭ་གསུམ་བཅས་ཕྱེ།  གཞན་ཡང་ཀིརྟིའི་གདན་ས་ཁག་ལ་རེས་མོས་ཀྱིས་ཚད་མའི་དགུན་ཆོས་ཆེན་མོ་དང་ཕར་ཕྱིན་དབྱར་ཆོས་ཆེན་མོ་གཉིས་གསར་ཚུགས་ཀྱིས་བསྟན་པའི་བགྱི་བ་རླབས་པོ་ཆེ་བསྐྱངས། བགྲང་བྱ་ཉེར་གཅིག་རིང་བཀའ་པོད་ལྔའི་སློབ་གཉེར་མཐར་ཕྱིན་པ་དང་། དེ་ནས་ལོ་གསུམ་རིང་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་དགོས་ཤིང་རྒྱུགས་འབྲས་ཀྱི་ཨང་རིམ་ལྟར་དགེ་བཤེས་ལྷ་རམས་པ་དང་།བཀའ་བཅུ་པ། རྡོ་རམས་པ་བཅས་ཀྱི་སྔོན་འགྲོའི་གྲྭ་སྐོར་དང་དངོས་གཞིའི་དམ་བཅའ་ལོ་གཉིས་ཏེ་ལོ་ལྔའི་ནང་དགེ་བཤེས་ལྷ་རམས་པ་སོགས་ཐོན་པ་དང་།དེ་ནས་ལོ་གཉིས་སྔགས་ལ་གཟིགས་ཏེ་སྔགས་ཀྱི་དམ་བཅའ་འཇོག་དགོས་པ་བཅས་ལོ་ཉེར་བརྒྱད་རིང་མདོ་སྔགས་རབ་འབྱམས་སྨྲ་བའི་དགེ་བཤེས་དག་ཐོན་པའི་སྲོལ་བཟང་ཡོངས་སུ་ཕྱེས་ཏེ་ཆོས་སྡེ་འདི་ཉིད་མདོ་སྔགས་རིག་གནས་དང་བཅས་པའི་བསྟན་པའི་འབྱུང་གནས་འགྲན་ཟླ་མེད་པ་ཞིག་ཏུ་དྲིན་གྱིས་སྐྱོང་བཞིན་པའི་སྐབས་སུ་ལགས།

  • 顶 0