རྡོ་རྗེ་འཇིགས་བྱེད།

2019-10-14
0


རྡོ་རྗེ་འཇིགས་བྱེད་ནི། ནང་བའི་ཡི་དམ་གྱི་ལྷའི་གཙོ་བོ་ཞིག་སྟེ། འདི་ལ་རྭ་ལུགས་དང་སྐྱོ་ལུགས་གཉིས་ཡོད་པའོ།།

རྭ་ལུགས།

     རྭ་ལུགས་ལྟར་ན་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ནི། སྔོན་ལྷ་དབང་ཕྱུག་ཆེན་པོའི་བུ་གཞོན་ནུ་གདོང་དྲུག་དང་ལྷ་མིན་གདོལ་བ་དྲག་པོ་གཉིས་འཛམ་བུའི་གླིང་གི་བདག་པོ་སུ་བྱེད་ལ་མ་འཆམ་པར་འཐབ་པས་གཞོན་ནུ་གདོང་དྲུག་ཕམ། དེའི་ཚེ་ལྷ་དབང་ཕྱུག་ཆེན་པོས་ནམ་མཁའ་ལ་སྤྱོད་པའི་ལྷ་རྣམས་དང་། ས་སྟེང་གི་ནད་བརྒྱད་གདོན་བརྒྱད། ལྷ་མ་ཡིན་དང་ཀླུ་ལ་སོགས་པ་ས་གསུམ་གྱི་དམག་དཔུང་དང་བཅས་ཏེ་འོང་བ་ན་གདོལ་བ་དྲག་པོ་འཇིགས་ཤིང་སྐྲགས་ཏེ་རྗེ་བཙུན་འཇམ་པའི་དབྱངས་ལ་སྐྱབས་སུ་སོང་བས། འཇམ་པའི་དབྱངས་ཀྱིས་དེ་རྣམས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་རྡོ་རྗེ་འཇིགས་བྱེད་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུར་བཞེངས་ཏེ། རྩ་ཞལ་དང་ལིངྒས་དབང་ཕྱུག་ཆེན་པོ་བཏུལ། ཞལ་གཞན་བརྒྱད་ཀྱིས་ཕྱོགས་མཚམས་ཀྱི་འཇིགས་བྱེད་བརྒྱད་བཏུལ། མ་ཧྭེའི་རྭ་གཉིས་ཀྱིས་ལྷ་མ་ཡིན་གྱི་རྟ་བ་རྣམས་བཅོམ། གླང་པགས་འཛིན་པའི་ཕྱག་གཉིས་ཀྱིས་བརྒྱ་བྱིན་དང་། ཕྱག་གཞན་སོ་གཉིས་ཀྱིས་ཉེ་དབང་སོ་གཉིས་ཚར་བཅད། ཞབས་གཡས་བརྒྱད་ཀྱིས་གདོན་བརྒྱད་དང་། གཡོན་བརྒྱད་ཀྱིས་ནད་བརྒྱད་མནན། ཀླུ་རྣམས་རྒྱན་དུ་བཅིངས་ཏེ་གདུག་པ་ཅན་དེ་དག་ཐམས་ཅད་ཚར་བཅད་ཅིང་བསྒྲལ་ནས་སྙིང་ཁྲག་གསོལ་བ་ལ་སོགས་པ་འཇིགས་པ་ཆེན་པོ་བསྟན་ནས་སླར་ཡང་གསོས་ཤིང་རྗེས་སུ་བཟུང་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡང་དག་པའི་ལམ་ལ་བཀོད། གདོད་ནས་གྲུབ་པ་དང་གསར་དུ་ཐོབ་པའི་དཔའ་བོ་རྣལ་འབྱོར་མ་རྣམས་དང་། སངས་རྒྱས་བྱང་སེམས་ནམ་མཁའ་གང་བའི་དབུས་སུ་རྒྱུད་གསུངས་པ་ནི་རྭ་ལུགས་ཀྱི་ལོ་རྒྱུས་སོ།།

 སྐྱོ་ལུགས།

    སྐྱོ་ལུགས་ལུགས་ལྟར་ན་ཡང་སྔོན་སྟོན་པ་རྡོ་རྗེ་འཆང་གིས་གཤིན་རྗེ་རྣམས་འདུལ་བའི་དུས་ལ་བབས་པར་གཟིགས་ནས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་སྤྲུལ། ལྷོ་ཕྱོགས་རྒྱ་མཚོའི་ཕ་རོལ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དུ་བྱོན་ནས་ལྕགས་མཁར་བཅུ་དྲུག་ཞབས་བཅུ་དྲུག་གིས་མནན། དབུས་ཀྱི་ལྕགས་མཁར་ལིངྒ་རྒྱས་པས་བསྐྱེལ་ཞིང་། གཤིན་རྗེ་ཆོས་ཀྱི་རྒྱལ་བོ་གནད་ནས་གཟིར། བདུད་ཚོགས་ཐམས་ཅད་རྨེག་མེད་དུ་བཅོམ་པས་སྡེ་བརྒྱད་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ། མནའ་དོར། གཤིན་རྗེ་དང་མ་མོ་ཐམས་ཅད་སྒྲོལ་བའི་གྱིང་ཕོ་མོར་བྱིན་གྱིས་བརླབས། བསྟན་པ་སྲུང་བར་བཀའ་བསྒོས། སྲོག་གི་སྙིང་བོ་ཕུལ་བ་སྔགས་སུ་བྱིན་གྱིས་བརླབས་ནས་རྒྱུད་གསུངས་པ་ནི་སྐྱོ་ལུགས་ཀྱི་ལོ་རྒྱུས་སོ།།

 དོགས་གཅོད།

    འདིའི་ལོ་རྒྱུས་སྔ་མ་དབང་ཕྱུག་འདུལ་ཆེད་མ་ཧེའི་ཞལ་དུ་སྤྲུལ་ནས་གསུངས་པ་ནི། གྲུབ་ཆེན་ཞི་བ་ཡེ་ཤེས་ཀྱིས། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ན།། ཞེས་སོགས་གསུངས་པ་དང་། ལོ་རྒྱུས་ཕྱི་མ་ནི། གྲུབ་ཆེན་དརྦན་གྱིས། ལྷོ་ཕྱོགས་ས་འོག་རིམ་པ་བདུན།། སྒོ་མེད་མུན་ཁང་བཅུ་དྲུག་ན།། ཞེས་སོགས་དང་མཐུན་པའི་བཤད་པ་ཡིན་ཀྱང་། གཞོན་ནུ་གདོང་དྲུག་གི་ལོ་རྒྱུས་དང་ལྷ་མིན་རྒྱལ་བོ་རུ་ཏྲ་ཕམ་ཚུལ་སོགས་ལ་ཤེས་བྱེད་དཀའ་ལ། དེ་བཞིན་དུ་རྙིང་མའི་མ་ཏྲཾརུ་ཏྲའི་དཔེ་བླངས་པའི་ལོ་རྒྱུས་འགའ་ཞིག་སོགས་རྒྱུད་དང་རྒྱ་གཞུང་ནས་ཟུར་ཅམ་ཡང་མི་འབྱུང་བའི་ལོ་རྒྱུས་སྔ་མ་འགའ་ཞིག་མི་འཐད་ཚུལ་དང་། རང་ལུགས་དུས་འཁོར་ལྟར་དཔལ་ལྡན་འབྲས་སྤུངས་སུ་གསུངས་པའི་ཚུལ་དང་། དབང་ཕྱུག་འདུལ་ཆེད་ས་སྟེང་དུ་གསུངས་པ་དང་། གཤིན་རྗེ་འདུལ་ཆེད་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་དུ་གསུངས་པ་དང་། ལོངས་སྤྲུལ་གྱི་སངས་རྒྱས་གཞན་གྱིས་གནས་དུས་མཐའ་ཡས་པར་གསུངས་པའི་ཚུལ་སོགས་ཧ་ཅང་མང་བ་འདིར་མ་བྲིས་སོ།།

དེ་ཡང་རྒྱུད་རྒྱས་པ་འབུལ་ཕྲག་གསུལ་ཨོ་རྒྱན་གྱི་ཡུལ་ན་བཞུགས་པ་ལས་རྟོག་བདུན། བཤད་རྒྱུད་རྟོགས་གསུམ། རྟོག་པ་བཞི་བ། གཏམ་རྒྱུད་ཀྱི་རྟོག་པ་རྣམས་ལཱ་ལི་ཏས་རྒྱ་གར་དུ་སྤྱན་དྲངས་པར་རྭ་སྐྱོ་ཞང་གསུམ་མཐུན་ཀྱང་ལོ་རྒྱུས་ཅུང་ཟད་མི་འདྲ་བ་རེ་ཡོད་པ་རྣམས་གཞན་དུ་ཤེས་པར་བྱའོ།།

 རྒྱུད་ཀྱི་བྱུང་བ།

     ལཱ་ལི་ཏ་བཛྲ་ནས་རིམ་བཞིན་ཨ་མོ་གྷ་བཛྲ་རམ་དོན་ཡོད་རྡོ་རྗེ་ཆེ་བ། ཡེ་ཤེས་འབྱུང་གནས་སྦས་པ་སྟེ་ཛྙཱ་ནཱ་ཀ་ར། པདྨ་བཛྲ་རམ་ཤྲཱི་རཀྵི་ཏ། དཱི་བཾ་ཀ་ར་རཀྵི་ཏའམ་མེ་ཙ་གླིང་པ་བར་དུ་བརྒྱུད་ཅིང་དེ་ལས་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་གསན་པ་ལ་རྭ་ལུགས་སུ་གྲགས། དོན་ཡོད་རྡོ་རྗེ་ཆེ་བའི་སློབ་མ་དོན་ཡོད་རྡོ་རྗེ་ཆུང་བ་ལ་སྐྱོ་འོད་འབྱུང་གིས་གསན་པ་ལ་སྐྱོ་ལགས་སུ་གྲགས། ཡང་ལཱ་ལི་ཏ་བཛྲ་ནས་ཡེ་ཤེས་ཞབས་དང་། དེས་མར་མེ་མཛད་བཟང་བོ་དང་། དེས་ལཱ་ལི་ཏ་བཛྲ་ཆུང་བ། དེས་བདེ་སྦྱིན་ཞབས། དེས་སེ་ན་པ། དེས་མཁའ་ལྡིང་ཞབས། དེས་གུ་ན་ཨ་ཀ་ར་བྷ་དྲ། དེས་ངག་དབང་གྲགས་པ། དེས་དེ་བ་ཨ་ཀ་ར་ཙནྟྲ། དེ་ལ་ཞང་ཅོག་གྲུ་བླ་མས་གསན་པ་ལ་ཞང་ལུགས་སུ་གྲགས། བོད་ཀྱི་འགར་ལྡོང་རྒྱ་གསུམ་དུ་གྲགས་པ་ནི་རྭ་སྐྱོའི་ལུགས་འཛིན་ཁོ་ན་ཡིན་ནོ།། རྭ་ལོའི་དབོན་པོ་རྭ་ཆོས་རབ་ལ་སློབ་མ་རྭ་ཡེ་ཤེས་སེངྒེ་དང་། རྭ་ངྷརྨ་སེངྒེ་བྱ་བ་གཉིས་བྱུང་སྟེ། སྔ་མ་ནས་བརྒྱུད་པ་ལ་རྭ་ནུབ་པ་དང་། ཕྱི་མ་ནས་བརྒྱུད་པ་ལ་རྭ་ཤར་བར་གྲགས་ཤིང་། ཡེ་ཤེས་སེངྒེ་ནས་རིམ་བཞིན། རྭ་འབུམ་སེང་། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། རོང་བ་ཤེས་རབ་སེངྒེ་། བླ་མ་ཡེ་ཤེས་དཔལ་བ། ཆོས་རྗེ་དོན་གྲུན་རིན་ཆེན་ལ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོས་གསན། རྗེ་བདག་ཉིད་རིན་པོ་ནས་སྲད་རྒྱུད་དབེན་ས་སོགས་སུ་རིམ་པར་བརྒྱུད་པའི་གཤེད་སྐོར་གྱི་དབང་དང་གདམས་པ་མཐའ་ཡས་པ་མཆིས་པ་སོགས་གཞན་དུ་ཤེས་བར་བྱའོ།།

 ཉེ་རྒྱུད།

   ཉེ་བརྒྱུད་ནི་འཇམ་པའི་དབྱངས་ཞི་དྲག་གཉིས་ཀས་རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་དངོས་སུ་དབང་བསྐུར་ཞིང་ཟབ་པ་དང་རྒྱ་ཆེ་བའི་གདམས་པའི་བདུས་རྩི་བསྩལ་པས། གཏམ་རྒྱུད་ཀྱི་རྟོགས་པ་དང་ཕྱག་རྡོར་གྱི་རྒྱུད་ལས། ང་ཡི་བསྟན་པ་བྱུང་བའི་དུས།། ཞེས་གསུངས་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བསྟན་པ་དང་། རྡོ་རྗེ་འཇིགས་བྱེད་ཀྱི་བསྟན་པ་དང་། རྗེ་རིན་པོ་ཆེའི་བསྟན་པ་གསུམ་དོན་གཅིག་ཏུ་བཞེད་དོ།།


དཔྱད་གཞིའི་ཡིག་ཆ།

  • དབལ་མང་པཎྜི་ཏས་མཛད་པའི 《བླ་བྲང་བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན 》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་ཟླ7པའི་པར་ཐེངས་དང་པོ། ཤོག་ངོས196ན་གསལ།


  • 顶 0