གསང་སྔགས་ཀྱི་ཆོ་གའི་སྐོར་ངོ་སྤྲོད།

2019-06-03
0

 

                                                           གསང་སྔགས་ཀྱི་ཆོ་གའི་སྐོར་ངོ་སྤྲོད།

     བོན་ལུགས་གསང་སྔགས་ཀྱི་ཆོ་ག་ལ་ནང་གསེས་དབྱེ་བ་ཧ་ཅང་མང་ནའང་། བསྡུས་ན་ཕྱི་རྒྱུད་དང་ནང་རྒྱུད་གཉིས་སུ་འདུ། སྔགས་ནང་རྒྱུད་ཐམས་ཅད་བསྡུས་ན་བསྙེན་སྒྲུབ་ལས་གསུམ་གྱི་ཁོངས་སུ་འདུ། བསྙེན་པའི་གཞི་མ་སྒོ་དགུ་དང་སྒྲུབ་པའི་ཡན་ལག་བཅོ་བརྒྱད། ལས་མཐའ་འཕྱོངས་ཆེན་སྡེ་དགུ་སྟེ་ཁྱོན་ཆོ་ག་སུམ་ཅུ་སོ་དྲུག་ཡོད་པས་སྔགས་ཡན་ལག་སོ་དྲུག་ཟེར།  བསྙེན་པའི་གཞི་མ་སྒོ་དགུ་ནི་སྔོན་འགྲོའམ་གྲ་སྒྲིག་གི་ཆོ་ག་སྟེ།  དབྱེ་ན་དཔོན་གསས་ལྷ་ལ་བསྙེན་པ། མཚན་ལྡན་གྲོགས་ལ་བསྙེན་པ། རིགས་ལྡན་གནས་ལ་བསྙེན་པ། ཡོ་བྱད་རྫས་ལ་བསྙེན་པ། ཐར་གླུད་སྐོང་ལ་བསྙེན་པ། ཕྱི་རྟེན་སྐོས་ལ་བསྙེན་པ། སྲུང་བ་མཚམས་ཀྱི་བསྙེན་པ། དཀྱིལ་འཁོར་བཅའ་གཞིའི་བསྙེན་པ། སྒོ་དབྱེ་བསྲེ་བསྣན་གྱི་བསྙེན་པ་སོགས་ཆོ་ག་མི་འདྲ་བ་དགུ་ཡོད། སྒྲུབ་པའི་ཡན་ལག་བཅོ་བརྒྱད་ནི་དངོས་གཞིའི་ཆོ་ག་ཡིན་ཞིང་། དབྱེ་ན་དཀྱིལ་འཁོར་གཞི་སྒྲུབ་དྲུག  ངོ་མཚར་ལམ་སྒྲུབ་དྲུག  མཐར་ཕྱིན་འབྲས་བུའི་སྒྲུབ་དྲུག་སྟེ་ཁྱོན་ཆོ་ག་མི་འདྲ་བ་བཅོ་བརྒྱད་ཡོད།   ལས་མཐའ་འཕྱོངས་ཆེན་སྡེ་དགུ་ལས་འཕྱོངས་ཞེས་པ་ནི་ཁ་ཚར་རམ་ཁ་གསེབ་བམ་ཁ་སྐོང་བའི་དོན་ཡིན། དེ་ལའང་གསལ་བྱེད་མེ་ལོང་བྲ་ཡི་འཕྱོངས་དང་སྣང་སྲིད་རབ་འབྱམས་སྐོང་གི་འཕྱོངས། ཡེ་ཤེས་དབལ་མོ་སྲོག་གི་འཕྱོངས། ཉི་ཟེར་ཞགས་པ་འདུར་གྱི་འཕྱོངས།ལས་བཞི་རྒྱུན་ལྔ་སྦྱིན་བསྲེགས་ཀྱི་འཕྱོངས། ས་མ་ཡ་དམ་ཚིག་གི་འཕྱོངས། འོད་ཟེར་འཁྱིལ་བ་སྨན་གྱི་འཕྱོངས། ཐིག་ལེ་དགུ་སྐོར་དགོངས་པ་དབྱིངས་ཀྱི་འཕྱོངས། ཡེ་ཤེས་རྩེ་རྒྱལ་ལྟ་བའི་འཕྱོངས་བཅས་ཁྱོན་ཆོ་ག་མི་འདྲ་བ་དགུ་ཡོད། 


  • 顶 0