སྟོན་པ་གཤེན་རབ་ཀྱི་ལོ་རྒྱུས་མདོར་བསྡུས།

2019-06-03
0

    ཏུན་ཧོང་ཡིག་རྙིང་སོགས་ལས་སྟོན་པ་གཤེན་རབ་ལ་གཤེན་རབ་དང་མྱི་བོ།   མྱི་བོ་ཆེ།   གཤེན་རབ་མྱི་བོ་ཆེ་སོགས་འབྲི་སྲོལ་ཁ་ཤས་ཡོད་ཅིང་ཕལ་ཆེར་བོད་རྒྱལ་ཕྲན་བཅུ་གཉིས་ཀྱི་སྟོད་ཙམ་ཡིན་པ་ཤེས་ཐུབ། དེའང་ཏུན་ཧོང་ཤོག་དྲིལ་སོགས་ལྟར་ན། གཉན་ཁྲི་བཙན་པོས་བཙན་པོའི་རྒྱལ་རབས་མ་བཙུགས་པའི་གོང་ན་མཚོ་བོད་མཐོ་སྒང་གི་ཡུལ་གྲུ་རྣམས་ཞང་ཞུང་རྗེ། འ་ཞ་རྗེ། དགས་པོ་རྗེ། མྱོང་པོ་རྗེ། རྐོང་པོ་རྗེ། རྩང་པ་རྗེ། ལྷོ་བྲག་རྗེ། བོང་བ་རྗེ་སོགས་རྒྱལ་ཕྲན་བཅུ་གཉིས་ཀྱིས་བཟུང་ཡོད། རྒྱལ་ཕྲན་བཅུ་གཉིས་ལ་བློན་པོ་བཅུ་གཉིས་དང་སྐུ་གཤེན་བཅུ་གཉིས་ཡོད། བོན་ལུགས་དཔེ་ཆ་རྣམས་སུ་བོན་ཤེས་པ་ཅན་བཅུ་གཉིས་ཟེར། སྐུ་གཤེན་བཅུ་གཉིས་པོས་སྟོན་པ་གཤེན་རབ་ལ་ཕ་སྟོན་པ་གཤེན་རབ་དང་མེས་སྟོན་པ་གཤེན་རབ་ཡབ་སྟོན་པ་གཤེན་རབ་སོགས་ཟེར་བས་དེ་དག་གི་མེས་པོའམ་ཁུངས་གཏུག་ས་ཞིག་ཏུ་ཆགས་ཡོད་པ་དེ་ལྟར་ན་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཡས་མས་ཞིག་ཡིན་དགོས་ཏེ། རྒྱལ་ཕྲན་བཅུ་གཉིས་ཀྱིས་དབང་བསྒྱུར་ནས་ཀྱང་ལོ་ཡུན་ཙམ་འགོར་ཡོད་པས་སོ། དེས་ན་བོན་གྱི་མཁས་པ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱི་གླིང་གཞི་བསྟན་པའི་འབྱུང་ཁུངས་ལས་སྟོན་པ་འདས་ནས་དའི་བར་དུ་ལོ་སུམ་སྟོང་དགུ་བརྒྱ་འགོར་བར་བཤད་པའང་དོན་ལ་གནས་པར་སེམས།

དེ་བཞིན་དུ་སྟོན་པ་གཤེན་རབ་ཀྱི་རང་རྣམ་མདོ་འདུས་ལས་མ་སངས་གཉན་གྱི་སྐབས་སུ་སྐུ་འཁྲུངས་ཚུལ་བཤད། དེས་ན་གཉའ་ཁྲི་བཙན་པོའི་ཡན་ལ་མངའ་མཛད་ཆེན་པོ་བཅུའམ་དྲུག་གིས་དབང་བསྒྱུར་ཡོད་པ་ལས་མངའ་མཛད་བཅུ་བ་ཅན་ལྟར་ན་བདུན་པ་མ་སངས་གཉན་དང་དགུ་པ་རྒྱལ་ཕྲན་བཅུ་གཉིས་ཡིན། མངའ་མཛད་དྲུག་པ་ལྟར་ན་བཞི་པ་མ་སངས་གཉན་དང་དྲུག་པ་རྒྱལ་ཕྲན་བཅུ་གཉིས་ཡིན་ཚུལ་བོད་ཀྱི་ལོ་རྒྱུས་རྣམས་སུ་བཤད། དཔེར་ན་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།། ཡུལ་གྱི་མིང་ལ་བཟང་ཡུལ་རྒྱན་མེད་བཏགས།། དེ་ནས་རི་ཏེ་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟ་རེ་དགྲ་སྟར་དེའི་དུས་ནས་བྱུང་། །དེ་ནས་གཉའ་རིང་ཁྲག་མིག་བྱས། །ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །སྲིན་པོའི་རྐང་དང་སྒྱོག་གཉིས་ལག་ཆ་བྱུང་། །བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། །ལྔ་པ་དམུ་རྒྱལ་ཁོ་རྗེས་དབང་བྱས་ཏེ། །ང་འཕྲང་ཅང་འཕྲང་ལག་ཆ་ཞག་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏིང་ལང་ཏིང་བར་ཁ་འུར་རྡོ་འཕེན།  བདུན་པ་མ་སངས་རུམ་དགུས་དབང་བྱས་ཏེ། ཞེས་ལྔ་པ་དམུ་རྒྱལ་ཁོ་རེའམ་དམུ་རིགས་རྒྱལ་པོ་དང་བདུན་པ་མ་སངས་གཉན་ཡིན་པར་བཤད་དོ། །དེ་བཞིན་ཏུ་རྒྱལ་རབས་བོན་གྱི་འབྱུང་གནས་དང་གཡུང་དྲུང་བོན་གྱི་བསྟན་འབྱུང་རྒྱས་པ་སོགས་ལས་མ་སངས་བདུན་པ་དང་རྒྱལ་ཕྲན་བཅུ་གཉིས་མངའ་མཛད་དགུ་པར་བགྲང་ཡོད། དཔེར་ན་བསྟན་འབྱུང་རྒྱས་པ་ལས།  བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། །སྔ་རྟགས་མདའ་མདུང་མཚོན་ཆ་རྩེད་བ་དང་། །བཞོན་པ་ཞོན་དང་དངོས་པོ་ཉོ་ཚང་བྱུང་། །དེ་རྗེས་ཟ་རམས་སྐྱེས་དྲུག་དབང་བྱས་ཏེ།  །ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས། །སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང་། །གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང་། །དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །ཡུལ་མིང་བོད་ཡུལ་སྦ་ཁ་ཆེ་བརྒྱད་བཏགས། །སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང་། །སྔར་གྱི་སྒྲུང་གཏམ་ཕྱི་མིས་བཤད་པ་བྱུང་། །དེ་ནས་དེར་གྱེས་རྒྱལ་ཕྲན་སིལ་མ་ནི། །བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དགུར་བཏགས། །སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་བ་སྒྲུབ། །ལྷ་རྟེན་བརྩེགས་ཤིང་རྟེན་གསུམ་བཞེངས་པ་བྱུང་། །དེ་དག་ནི་བཙན་པོ་རྒྱལ་རབས་མ་ཚུགས་པའི་གོང་གི་ལོ་རྒྱུས་ཁོ་ན་ཡིན་པ་དང་བཀའ་ཐང་སྡེ་ལྔ་ལས་མངའ་མཛད་ལྔ་བར་བགྲང་ཡོད་པ་སོགས་ཤེས་དགོས། དེའང་བཀའ་ཐང་སྡེ་ལྔ་ལས་བོད་ཡུལ་སྭ་ཁ་བརྒྱད་དང་བོན་འབྱུང་ལས་སྦ་ཁ་བརྒྱད་ཅེས་འབོད་པ་རྣམས 

དེ་བཞིན་དུ་སྟོན་པའི་རྣམ་ཐར་འབྲིང་བ་མདོ་གཟེར་མིག་སོགས་ལས་སྟོན་པ་གཤེན་རབ་ཉིད་རྒྱལ་ཕྲན་བཅུ་གཉིས་ལས་རྐོང་རྗེ་དཀར་པོའི་སྐབས་ཡིན་པ་བཤད་ཡོད།  རྩ་རྒྱུད་ཉིད་སྒྲོན་དང་དྲི་མེད་གཟི་བརྗིད་ཀ་དུམ་པ་སོགས་ལས་ཤིང་ཕོ་བྱི་བའི་ལོར་སྐུ་འཁྲུངས་ཞེས་པ་ཙམ་ལས་སྟོན་པ་འཁྲུངས་ནས་ད་ལྟའི་བར་དུ་ལོ་ག་ཙམ་སོང་མིན་གསལ་བོ་གསུངས་མེད།   དེ་ལ་རྗེས་སུ་མཁས་པ་རྒྱལ་མཚན་དཔལ་དང་སྤ་བསྟན་རྒྱལ་བཟང་པོ་སོགས་ཀྱིས་ཤ་འབར་ནག་པོའི་རྒྱུད་དང་མདོ་གཟེར་མིག་དང་བསྒྲགས་བྱང་སོགས་ནས་བཤད་པའི་སུམ་ཅུ་སྐུས་འདུལ།   སུམ་ཅུ་གསུང་གིས་འདུལ།   སུམ་ཅུ་ཐུགས་ཀྱིས་འདུལ་ཞེས་པ་ཉིད་གཤེན་ལོ་ཡིན་པར་ངོས་བཟུང་ནས་སྟོན་པའི་གནས་ཚད་མི་ལོ་དགུ་སྟོང་ཡིན་ཞིང་།   སྟོན་པ་འདས་ནས་ད་ཡི་བར་དུ་མི་ལོ༥༥༥༩་ཙམ་སོང་བར་བཤད།   དཔེར་ན་ཤ་འབར་ནག་པོའི་རྒྱུད་ལས།   དེ་ནས་ཚེ་ལོ་བརྒྱ་བའི་དུས།  །   ཡུལ་ནི་འོལ་མོ་ལུང་རིང་དུ།  །  ཡབ་ནི་རྒྱལ་བོན་ཐོད་དཀར་དང་།  །   ཡུམ་ནི་ཡོ་ཕྱི་རྒྱལ་བཞེད་མ།  །   སྲས་ནི་སྟོན་པ་གཤེན་རབ་ཀྱིས།  །   བདུད་ནི་ཁྱབ་པ་ལག་རིང་བཏུལ།   །  བསྟན་པའི་ལོ་ནི་དགུ་སྟོང་གནས།  །   ཞེས་པ་ལྟ་བུའོ།  །   དེའི་རྗེས་སུ་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མི་ལོ་དགུ་སྟོང་འདོད་ཀྱང་སྟོན་པ་འདས་ནས་དེའི་བར་མི་ལོ་སུམ་སྟོང་དགུ་བརྒྱར་སོང་བར་འདོད།   དུས་རབས་བཅོ་བརྒྱད་པ་ཙམ་ལ་མཁན་ཆེན་ཉི་མ་བསྟན་འཛིན་དང་རྒྱལ་དབང་ཀུན་གྲོལ་གྲགས་པ་སོགས་ཀྱིས་སུམ་ཅུ་སྐུས་འདུལ་ཞེས་པ་ཉིད་ཚེ་དམིགས་ཡིན་པར་བཟུང་ནས་སྟོན་པ་འདས་ནས་ད་ཡི་བར་མི་ལོ་ཆིག་ཁྲི་བརྒྱད་སྟོང་སོང་བར་འདོད།   དེ་ལ་ཀུན་མཁྱེན་ཤར་རྫ་བ་སོགས་ཀྱིས་མཁས་པ་རྒྱལ་མཚན་དཔལ་བོན་སྔ་རབས་པའི་མཁས་པ་དག་ལ་དགག་པ་མཛད་ཅིང་མཁན་ཆེན་ཉི་མར་བསྟོད་བསྔགས་མཛད་པས་ཕྱིས་བྱོན་གྱི་བོན་པོ་ཀུན་ཀྱིས་དེ་ལྟར་དུ་ཁས་བླངས་པ་རེད།   དེའང་བོན་གྱི་ལོ་རྒྱུས་དང་ཡིག་ཆ་ཀུན་དཔྱད་གཞིར་བཟུང་ནས་བཤད་ན་སྟོན་པ་གཤེན་རབ་ཀྱང་ཕལ་ཆེར་མི་ལོ་བཞི་སྟོང་ཡས་མས་སུ་འཁྲུངས་དགོས། དེའང་བོན་གྱི་སྔགས་རྫོགས་མང་པོ་ཞིག་འཆི་མེད་གཙུག་ཕུད་ནས་གཤེན་གསང་བ་འདུས་པ།   སྟག་ལ་མེ་འབར་བཟང་བཟའ་རིང་བཙུན་གསུམ་ལ་བརྒྱུད་དེ་དར།   དེ་ལས་འགའ་ཞིག་ནི་ལྷ་ཀླུ་མིའི་གཤེན་གསུམ་ནས་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་བརྒྱུད་དེ་བོད་དུ་དར།   དེས་བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ལ་བརྒྱུད་དེ་དར་ཞིང་མུ་ཁྲི་བཙན་པོའི་དུས་ནས་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐུ་གཤེན་རྣམས་ལ་བརྒྱུད་དེ་དར་ཞིང་སྤེལ་ལོ།  །   དཔེར་ན་མདོ་གཟེར་མིག་ལས། སྟོན་པ་སྐུ་འཁྲུངས་བའི་སྐབས་སུ། ལ་ལས་ནི་རོལ་མོ་བསྒྱུར། ལ་ལས་རུ་མཚོན་ཕྱར།ལ་ལས་རྔ་གླིང་བརྡུངས། ལ་ལས་སྤོས་མེ་བཏུལ། ལ་ལས་སྐུ་གླུད་བཏང་། ལ་ལས་སྐུ་ཕྱྭ་ལྡོན། ལ་ལས་ནི་སྐུ་ཁྲུས་གསོལ། ལ་ལས་ནི་སྐོར་བ་བྱེད་ཅིང་མེ་ཏོག་ཕུལ་ལོ། །ཞེས་པ་ལྟར་གླུ་གར་རོལ་རྩེ་བྱེད་པ་དང་། རུ་མཚོན་ཕྱར་བ། རྔ་བརྡུངས་ཤིང་གླིང་བུ་འབུད་པ། སྐུ་གླུད་བཏང་བ། མོ་འདེབས་པ་དང་སྐུ་ཁྲུས་གསོལ་བ། སྐོར་བ་བྱེད་ཅིང་མེ་ཏོག་དང་སྤོས་མེ་འབུལ་བའི་སྲོལ་རྣམས་དེའི་དུས་ནས་དར་བ་ར་སྤྲོད་ཐུབ་པ་དང་། གཞན་ཡང་སྟོན་པ་གཤེན་རབ་ཀྱི་འཁྲུངས་སྟོན་སྐབས་སུ་དབལ་བོན་རོམ་པོ། ཡོགས་བོན་གཏོ་རྒྱལ། ཁྲིན་བོན་ཕྱྭ་སངས། འོ་བོན་འབྲང་ཟུ།  འཚམས་བོན་ཡོ་ཁྲུ། བདུད་བོན་ཆུ་ལྕགས། དམུ་བོན་ཡེའུ་ཐན། བཙན་བོན་མཚལ་ལྕགས། སྲིད་བོན་མུ་ཆོ། སྐོས་བོན་གཙུག་སྲས། ཕྱྭ་བོན་རྔ་བརྡུང་། ལྷ་བོན་ཐོད་དཀར་ཞེས་བོན་པོ་མང་པོ་གདན་འདྲེན་ཞུས་ཡོད་པ་དང་ཡོད། བོན་པོ་དེ་དག་ཀྱང་ཚོ་བ་ག་གེ་མོ་དང་ཆོས་ལུགས་ག་གེ་མོ་ཡང་ན་རྒྱལ་ཕྲན་ག་གེ་མོའི་སྐུ་ཚབ་མི་སྣ་ཁོ་ན་ཡིན་པ་ཤེས་དགོས།



  • 顶 0