གནའ་དཔེའི་འབྲི་རྫས།

2019-04-01
0

བོད་ཀྱི་གནའ་དཔེ་དེ་ཡང་མི་རིགས་གཞན་གྱི་གནའ་དཔེ་དང་འདྲ་བར་འབྲི་རྫས་རིགས་མི་འདྲ་བ་བེད་སྤྱོད་གནང་ནས་བྲིས་པ་སྟེ་བོད་ཀྱི་དགོན་སྡེ་ཁག་དང་མི་སྒེར་གྱི་ཕྱག་ཏུ་ཉར་ཚགས་གནང་ཡོད་པ་མི་ཉུང་བ་ཞིག་ད་ལྟའང་མཇལ་རྒྱུ་འདུག་ལ། མི་དབང་སངས་རྒྱས་ཚོས་ཀྱང་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་སོགས་དཀར་པོའམ་ཚོས་མ་ཞེས་པས་ཀྱང་གནའ་དཔེའི་འབྲི་རྫས་ཤིང་ཤུན་དང་རས། རྡོ་ལེབ་དང་ཅོང་། སེམས་ཅན་གྱི་རུས་པ་དང་པགས་པ་བཅས་ཡོད་པ་སོགས་སྒྲའི་ནང་དུ་བསྡུས།

       སེམས་ཅན་གྱི་པགས་པ་དང་རུས་པའི་སྟེང་དུ་ཡི་གེ་འབྲི་བའི་སྲོལ་དེ་ནི་གདོད་མའི་དུས་ཀྱི་ཟིན་ཐོ་བཀོད་སྟངས་ཞིག་ཡིན།དེ་ལྟར་འབྲི་དགོས་དོན་གི་གཙོ་བོ་ཤིང་ཤུན་དང་རས་ཤོག་སོགས་བཀོལ་སྤྱོད་བྱེད་མ་ཐུབ་པའི་རྐྱེན་གྱིས་འབྲི་རྫས་དེ་དག་གི་དོད་དུ་སེམས་ཅན་གྱི་པགས་པ་དང་རུས་པ་བེད་སྤྱད་པར་མངོན། བོད་ལ་མཚོན་ནས་བཤད་ན་བོད་རང་ཁོངས་ནས་རུས་པའི་སྟེང་བྲིས་པའི་ཡི་གེ་ད་ཕན་ཐོན་མྱོང་མེད་ཀྱང་ཤིན་ཅང་གི་ས་ཁུལ་ནས་ལུག་གི་སོག་པའི་སྟེང་དུ་བོད་ཡིག་བྲིས་པ་རྙེད་སོན་བྱུང་ཡོད་པ་སྟེ། སྤྱི་ལོ1973ལོར་རོའོ་ཆང་རྫོང་མི་ལན་ཁུལ་གྱི་བོད་ཀྱི་མཁར་རྫོང་རྙིང་པའི་ནང་ནས་རྙེད་སོན་བྱུང་བ་ཞིག་ཡིན། འདི་ནི་སྤྱི་ལོ618-907ནང་དུ་བོད་ཡིག་བྲིས་པའི་ལུག་གི་སོག་པ་ཞིག་ཡིན་ཞིང་། དེའི་ཞེང་ཚད་ལི་རྨིད2.3-10.7དང་རིང་ཚད་ལི་རྨིད17.5ཡོད་པ་དང་། ལུག་གི་སོག་པའི་སྟེང་བོད་ཡིག་ཡིག་འཕྲེང་དྲུག་ཅན་ཞིག་བྲིས་ཡོད། ལུག་གི་སོག་པའི་སྟེང་དུ་བྲིས་པའི་བོད་ཡིག་གི་འབྲི་གཟུགས་དང་བརྡ་ཆད་རྙིང་པ་བེད་སྤྱད་ནས་བྲིས་པའི་རྐྱེན་གྱིས་བོད་ཡིག་དཔེ་རྙིང་ཞིབ་འཇུག་པ་དག་གི་བོད་བཙན་པོའི་སྐབས་ཀྱི་ཡིག་ཚགས་ཤིག་ཡིན་པར་ངོས་འཛིན་གནང་གི་འདུག  དེས་ན་བོད་ལ་གནའ་དུས་མི་རིགས་གཞན་དང་འདྲ་བར་སེམས་ཅན་གྱི་རུས་པའི་སྟེང་དུ་སྐབས་དེའི་དུས་བྱུང་བའི་གནད་དོན་གལ་ཆེན་དག་ཟིན་ཐོ་བཀོད་སྲོལ་ཡོད་པ་དེ་ཤེས་ཐུབ། སེམས་ཅན་གྱི་པགས་པའི་སྟེང་དུ་བྲིས་པའི་ཡིག་ཚང་ནི་ད་ལྟ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཁོངས་ཀྱི་དགོན་སྡེར་ཡང་ཉར་ཚགས་བྱས་ཡོད།

       རི་མཐོ་ས་གཙང་སྤུ་རྒྱལ་བོད་ཀྱི་ཡུལ་འདིར་སྔོན་གྱི་མེས་པོ་དག་གིས་བློ་གྲོས་ལ་བརྟེན་ནས་སྐབས་དེ་དུས་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས་དང་རིག་གནས་སོགས་ཀྱི་མཛད་ཕྱོགས་སྲིད་ཇུས་གལ་འགངས་ཆེ་བ་མང་པོ་ཞིག་ཚེ་ཚེ་རབས་རབས་སུ་མ་ནུབ་པར་གནས་པའི་ཐབས་སུ་རྡོ་རིང་དང་ཅོང་ལ་བརྐོས་པ་མ་ཟད་རྡོ་རིང་གི་རྨང་གདན་ཡང་རུས་སྦལ་དང་གཡུང་དྲུང་། མེ་ཏོག་པད་མ་QQ图片20160414100717.jpg.jpgསོགས་ལ་བཅོལ་ཡོད། རྒྱུ་མཚན་ནི་བོད་ཀྱི་རིག་གནས་ལས་ཞུས་ན་རུས་སྦལ་ལ་ཚེ་རིང་།གཡུང་དྲུང་ནི་མི་འགྱུར་སྲ་ཞིང་བརྟན་པའི་མཚོན་དོན་ཡིན་པའི་རྐྱེན་གྱིས་ཡིན། ད་བར་བོད་ཀྱི་ཡུལ་ལས་རྙེད་སོན་བྱུང་བའི་རྡོ་རིང་དང་བྲག་བརྐོས་ཀྱི་ཡི་གེ་ཇི་ཙམ་ཞིག་ཡོད་པའི་སྐོར་ལ།བོད་ཀྱི་གནའ་རབས་རྡོ་རིང་སྐོར་ཞེས་པ་ལས་ཞུས་ན།རྡོ་རིང་དང་རྡོ་ལ་བརྐོས་པའི་ཡི་གེ་ཁྱོན་བསྡོམས་ཉི་ཤུ་རྩ་བཞི་ཙམ་ཡོད།ཉི་ཤུ་རྩ་བཞི་དེའི་ནང་ལ་གཙོ་བོ་སྤུ་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་དང་རྡོའི་ཡི་གེ་ཉི་ཤུ་རྩ་གཅིག་དང་བསྟན་པ་ཕྱི་དར་སྐབས་ཀྱི་རྡོ་རིང་ཡི་གེ་གསུམ་ཙམ་ཡོད།རྡོ་རིང་སྔ་ཤོས་དེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན(755-797)གྱི་སྐུ་དུས་སུ་བཞེངས་པའི་རྡོ་རིང་ཡིན།ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བཞེངས་པའི་རྡོ་རིང་བཞི་དང་།ཁྲི་སྲོང་ལྡེའུ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན(798-815)དུས་ཀྱི་རྡོ་རིང་དགུ། ཁྲི་རལ་པ་ཅན(815-836)དུས་ཀྱི་རྡོ་རིང་ལྔ།དེ་མིན་ད་དུང་དུས་གཏན་འཁེལ་མེད་པའི་རྡོ་བརྐོས་ཡི་གེ་གསུམ་ཙམ་ཡོད་པ་རེད།ཅེས་གསུངས་པ་ལས་བོད་དུ་རྡོ་རིང་དང་རྡོ་བརྐོས་ཀྱི་ཡི་གེ་ཇི་ཙམ་ཡོད་མེད་དང་དེ་དག་དུས་ནམ་ཞིག་ལ་བྱུང་ཡོད་མེད་གོང་གི་སྐད་ཆ་དེ་ལས་རགས་ཙམ་ཞིག་ཤེས་ཐུབ།ཅོང་གི་ཡི་གེ་ནི་བསམ་ཡས་གཙུག་ལག་ཁང་གི་ཅོང་།བྲག་གཡེར་པའི་ཅོང་།ཁྲ་འབྲུག་གི་ཅོང་བཅས་གསུམ་ནི་བོད་རྒྱལ་ཁྲི་ལྡེ་སྲོང་བཙན(798-815)སྐུ་དུས་བྱུང་བའི་ཅོང་དང་།ད་དུང་ད་ཐེངས་གསར་དུ་རྙེད་པའི་ཇག་རོང་དགའ་ལྡན་གཙུག་ལག་ཁང་གི་ཅོང་དེ་བརྩིས་པས་ཁྱོན་ཅོང་གི་ཡི་གེ་བཞི་ཡོད་པ་བཅས་ཡིན།

རྡོ་རིང་དང་ཅོང་དེ་དག་གི་ནང་དོན་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་ལུགས།དམག་དོན་གྱི་སྒྲིག་གཞི། སངས་རྒྱས་ཆོས་ལུགས་ཀྱི་མཛད་ཕྱོགས།རྗེ་བློན་ཁག་གི་མཛད་རྗེས་དང་རུས་རྒྱུད་བྱུང་ཚུལ།ཐང་བོད་དབར་གྱི་མནའ་འབྲེལ།མཆོད་ཡོན་སྦྱིན་བདག་གི་སྨོན་ཚིག་སོགས་འདུས་ཡོད།དེ་དག་གི་སྟེང་དུ་བཀོད་པའི་ནང་དོན་ནི་དུས་ཕྱིས་ཀྱི་ཡིག་མཁན་སོགས་ཀྱི་བསྲེ་ལྷད་མེད་སྟབས།དུས་རབས8-10པའི་དབར་གྱི་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དང་དཔལ་འབྱོར།དམག་དོན་སྒྲིག་གཞི།རིག་གནས་སོགས་ཅི་འདྲ་ཞིག་ཡིན་མིན་བརྡར་ཤ་གཅོད་པའི་ཡིག་ཆ་གལ་འགངས་ཆེ་ཞིག་ཡིན།དཔེར་ན།སྐབས་དེ་དུས་ཀྱི་བོད་ཡིག་གི་ཡིག་གཟུགས་དང་བརྡ་སྤྲོད་སོགས་ལའང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པ་སྟེ།ཆབ་མདོ་ཁུལ་དུ་བཞུགས་པའི་གནའ་དཔེ་བྲིས་མ་ཤེར་ཕྱིན་པོད་ང་པ་ཅན་ཤོག་ཁ་ལི་རྨིད72ནས27ཡིག་གཟུགས་དབུ་ཆེན་འཕྲུལ་ཡིག་ཅན་དེ་དང་འཕན་པོ་ཞྭ་ལྷ་ཁང་གི་རྡོ་རིང་ཡི་གེ་གཉིས་རུ་གཅིག་དུ་བཞག་སྟེ་ཡིག་གཟུགས་ལ་བསྡུར་བ་བྱེད་སྐབས།ཧ་ལམ་དེ་གཉིས་ཡིན་མཁན་གཅིག་གི་སོར་མོའི་འདུ་བྱེད་ལས་ཐོན་པ་ལྟ་བུའི་ཚོར་སྣང་ཞིག་རང་བཞིན་གྱིས་སྐྱེས་ཀྱི་འདུག དཔེར་ན་ཡིག་གཟུགས་དབུ་ཅན་འཕྲུལ་ཡིག་དང་ཚེག་གི་འབྲི་སྟངས་ནི་དེང་ལྟར་ཡི་གེའི་མགོ་དང་མཉམ་པའི་ཐིག་ཟིན་ནས་བྲིས་པ་ཞིག་མ་ཡིན་པར།ཚེགས་དེ་ཅུང་ཟད་ཅིག་དམའ་ས་ཟིན་ནས་ཡི་གེའི་སྐེད་མཚམས་སུ་བྲིས་པ་ལྟ་བུ་ཞིག་སྣང་།ཤད་ཀྱི་མདུན་དུའང་སུམ་རྟགས་གཞུང་གི་དགོངས་དོན་ལ་བཀུར་བསྟི་མ་གནང་བར་ཚང་མར་ཚེག་བྲིས་ནས་འདུག དེས་ན་ཞྭ་ལྷ་ཁང་གི་རྡོ་རིང་དེ་ནི་ཁྲི་ལྡེ་སྲོང་བཙན་སད་ན་ལེགས(798-815)ཀྱི་སྐུ་དུས་སུ་མྱང་ཏིང་འཛིན་བཟང་པོ་ལ་གནང་བ་ཞིག་ཡིན་པ་ནི་རྡོ་རིང་གི་མགོར་མྱྀའི་རྒྱལ་པོ་ལྷས་མཛད་པ།འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀས་ཞེས་པས་ཁྲི་ལྡེ་སྲོང་བཙན་གྱིས798ནས715ལོའི་བར་སྲིད་བསྐྱངས།དེའི་རིང་ལ་འབྲུག་ལོ་གཉིས་ཐོན་སྟབས་འབྲུག་ལོ་གང་ཞིག་ཡིན་སྙམ་ན།རྡོ་རིང་དེའི་ཡིག་ཕྲེང22-23བར་དུ་བན་དེ་ཏིང་ངེ་འཛིན་སྙིང་ཉེ་ཞིང་ཞོ་ཤ་ཆེན་པོ་ཕུལ་བའི་ཕྱིར།བཀའ་དྲིན་འབྲུག་ལོ་ཕྱི་མ་ལ།ཕོ་བྲང་འོན་ཅང་དོ་ན་བཞུགས་པའི་ཚེ།གཙུགས་གསར་དུ་བསྐྱེད་དོ། ཞེས་པའི་ནང་དུ་འབྲུག་ལོ་ཕྱི་མ་ཞེས་བྱུང་བ་ལྟར་ན་དེ་ནི་སྤྱི་ལོ812ལོ་ཡིན་པ་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་ངོས་འཛིན་གཅིག་གྱུར་དུ་ཡོད་གཤིས།དེས་ན་ཆབ་མདོ་ཁུལ་དུ་བཞུགས་པའི་ཤེར་ཕྱིན་བྲིས་མ་པོད་ང་པ་ཅན་དེ་ཡང་ཁྲི་ལྡེ་སྲོང་བཙན་གྱི་ཡས་མས་སུ་འབྲི་བཤུས་བྱས་པའི་གནའ་དཔེ་ཞིག་ཡིན་པའི་རྨོངས་ཚོད་ཞིག་སྔོན་ལ་སྐྱེས།ལྷག་དོན་དུ་གནའ་དཔེ་དེ་འབྲི་བཤུའི་ཡིག་མཁན་ཐོག་ནས་བརྗོད་ན་ཤེས་རབ་ཀྱི་ཕ་རོལད་དུ་ཕྱིནད་པ་སྟོང་ཕྲག་བརྒྱའ་པ་དུམ་བུ་བཞི་པ་བམ་པོ་དྲུག་གོ་།ཝང་སྟག་བརྟན་གིས་བྲྀས།འདྲོན་བ་ཞུས།སྟག་བརྟན་ཡང་ཞུས།འཕན་ལེ་སྐྱས་སུམ་ཞུས་ཞེས་དང་ཤེས་རབ་ཀྱི་ཕ་རོལད་དུ་ཕྱིནད་པ་སྟོང་ཕྲག་བརྒྱའ་པ་དུམ་བུ་བཞི་པ་བམ་པོ་བདུན་ནོ་།ཝང་སྟག་བརྟན་གྀས་བྲྀས།སྟག་ལེགས་ཞུས།ལྷ་ལེགས་ཡང་ཞུས།ལྷ་སྣང་སུམ་ཞུས་ཞེས་བྱུང་བ་དེས་སྔར་ལས་ལྷག་པའི་བདེན་དཔང་ཞིག་རྙེད་ཐུབ་པ་ནི།སྐབས་འདིའི་ཡིག་མཁན་ཝང་སྟག་བརྟན་དང་ཞུས་དག་མཁན་སྟག་བསྟན་དང་ལྷ་ལེགས་བཅས་ཀྱི་མིང་ཡང་ཏུང་ཧོང་གི་ཆོས་བཤུ་བྲིས་མ་ཤེས་རབ་ཀྱི་ཕ་རོལད་དུ་ཕྱིན་པའི་མཛད་བྱང་དུ་ཐོན་པ་སྟེ།T0071 T0076 T0120 T0121 T0128 T0145ལ་སོགས་པའི་ཞུས་དང་པོ་དང་གཉིས་པའི་ནང་དུ་ལྷ་ལེགས་ཀྱི་མཚན་རེ་མོས་སུ་ཐོན་པ་དང་།ད་དུང་ཡིག་མཁན་ཝང་སྟག་བརྟན་གྱིས་གནའ་དཔེ་མ་དཔེ་ནས་བུ་དཔེར་ཕབ་པ་ཞུ་དག་མཁན་གྱིས་ཤོག་རོ་བཏང་བ་ཏུང་ཧོངT0334སྟག་བརྟན་གྱི་རོའོ།ཞེས་བྱུང་བ་བཅས་ལས་ཆབ་མདོ་ཁུལ་དུ་བཞུགས་པའི་ཤེར་ཕྱིན་པོད་ང་པ་དེའང་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བཞེངས་པའི་གནའ་དཔེ་ཞིག་ཡིན་པ་དེ་བས་ར་སྤྲོད་གསལ་པོ་ཐུབ།དེས་ན་རྡོ་རིང་དང་ཅོང་གི་སྟེང་དུ་བྲིས་པའི་ཡི་གེས་བོད་ཀྱི་ལོ་རྒྱུས་རིག་པ་དང་སྐད་བརྡ་རིག་པ་སོགས་ལའང་དཔྱད་པ་བྱེད་པའི་ནུས་པ་ཆེན་པོ་ཡོད་པ་རང་བཞིན་གྱིས་རྟོགས།རྡོ་རིང་གི་ཡི་གེ་དེ་དག་གིས་བོད་ཀྱི་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་དཔྱད་གཞི་ཆེན་པོ་ལྡན་པ་སྟེ།ཆབ་མདོའི་ལྡན་མ་བྲག་རྩའི་རྡོ་བརྐོས་ནི་འཕགས་པ་བཟང་པོ་སྤྱོད་པ་དུམ་བུ་གཅིག་དང་མཚོ་སྔོན་སྦིས་མདོའི་རྡོ་བརྐོས་ནི་བཟང་སྤྱོད་སྨོན་ལམ།མཚོ་སྔོན་སྐྱེ་རྒུ་མདོའི་ལེབ་ཁོག་གི་རྡོ་བརྐོས་ནི་ཚེ་དཔག་མེད་མདོ་དུམ་བུ་གཅིག་བརྐོས་པ་བཅས་ལས་བོད་ལ་དུས་རབས8-9པའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གནས་སྟངས་དང་སྐབས་དེ་དུས་ཆོས་ལུགས་ཀྱི་གཞུང་ཅི་ཞིག་དར་ཁྱབ་བྱུང་ཡོད་མེད་སྐོར་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།དེ་མིན་སྐུ་བརྙན་འབྲི་བརྐོས་ཀྱི་སྒྱུ་རྩལ་སྐོར་ལ་ཡང་ཞིབ་འཇུག་བྱེད་པའི་རིན་ཐང་ཆེན་པོ་ཡོད་པ་སྟེ།ལྡན་མ་བྲག་རྩའི་རྣམ་པར་སྣང་མཛད་དང་།ཉེ་བའི་སྲས་ཆེན་བརྒྱད་བརྐོས་ཡོད་པ་དང་མཚོ་སྔོན་ས་ཁུལ་གྱི་སྦིས་མདོའི་བྲག་བརྐོས་ཡི་གེ་ལ་སྐུ་གཙོ་རྣམ་པར་སྣང་མཛད་དང་དེ་མིན་ལྷ་མགྲོན་མང་པོ་དང་ལྷན་དུ་གཡས་གཡོན་དུ་སྤྲིན་དཀར་གྱི་རི་མོ་དང་།མེ་ཏོག་པད་མ།འབྲུག དེ་བཞིན་མཁའ་འགྲོ་མ་སོགས་བརྐོས་ཡོད།དེ་དག་གི་སྐུ་བརྙན་གཙོ་བོ་ནི་རྣམ་པར་སྣང་མཛད་བརྐོས་ཡོད་པ་བཅས་ལ་བལྟས་ན།ང་ཚོས་གནད་འགག་གཅིག་འགྲོལ་ཐུབ་པ་སྟེ་བོད་ཡིག་ཡིག་དཔེ་རྙིང་གི་དབུ་ཞབས་ལྷ་སྐུ་དང་དགོན་སྡེ་ཁག་གི་རྟེན་གཙོ་བོ་དེ་རྣམ་པར་སྣང་མཛད་ཡིན་ན་དེ་དག་ལ་ལོ་རྒྱུས་རིང་བོ་ཡོད་པའི་གདེང་འཇོག་བྱ་ཐུབ་བོ།།

       ཁྲམ་བྱང་གི་ཐོག་ཏུ་ཡི་གེ་འབྲི་བའི་སྲོལ་དེ་ཡང་ཆེས་གནའ་བོའི་ཡིག་ཚགས་འགོད་ཐབས་ཀྱི་ལུགས་ཤིག་ཡིན།དེ་ནི་སྐབས་དེ་དུས་ད་ལྟའི་དུས་རབས་བཞིན་ཤོག་བུའམ་འབྲི་རྫས་གཞན་མ་དར་བའི་རྐྱེན་གྱིས་ཡིན།ཁྲམ་བྱང་གི་ཐོག་ཏུ་བོད་ཡིག་བྲིས་པའི་ཡིག་ཚགས་ནི་ཤིན་ཅང་གི་རོའོ་ལན་དང་ཏུང་ཧོང་།མཚོ་སྔོན་གྱི་དུར་ལན་སོགས་ནས་ཐོན་པ་དེ་དག་ཡིན།ཁྲམ་བྱང་དེ་དག་ནི་བོད་བཙན་པོའི་སྐབས་ཀྱི་གནས་ཚུལ་བཀོད་པའི་ཁྲམ་བྱང་ཤ་སྟག་ཡིན།

       དེས་ན་ཐོག་མར་ཁྲམ་བྱང་གོ་དོན་རོབ་ཙམ་ཞིག་འགྲེལ་ན།དགེ་བཤེས་ཆོས་ཀྱི་གྲགས་པས་མཛད་པའི་བརྡ་དག་ནང་དུ་བྱང་བུ་ཞེས་པ་ནི་ཤིང་ལེབ་བྱང་བུ་རིས་ཅན་ལ་ཟེར་བ་དང་ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་རུ་བྱང་བུ་ཞེས་པ་ནི་ཤིང་དང་རས་ཤོག་གྲུ་བཞི་ནར་མོ་དྲས་པའི་ཚལ་བུ་ཞེས་གསུངས་པ་དེ་གཉིས་ལས་ང་ཚོས་ཁྲམ་བྱང་གི་དོ་དོན་ཤེས་ཐུབ་པ་སྟེ།ཤོག་བུ་མ་དར་བའི་ཡར་སྔོན་དུ་སྐབས་དེའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་དག་ཤིང་གྲུབ་བཞིའི་སྟེང་དུ་བྲིས་ཏེ་ཉར་ཚགས་བྱས་པ་དག་ལ་ཁྲམ་བྱང་ཞེས་བརྗོད་དོ།།

         ཁྲམ་བྱང་གི་ནང་དོན་ནི་ཤིན་ཅང་དང་ཏུང་ཧོང་སོགས་ནས་རྙེད་སོན་བྱུང་བའི་བྱང་བུ་དག་ལ་གཞིགས་ན།བཙན་པོའི་དམག་དོན།དཔལ་འབྱོར།ཁྲིམས་ལུགས།ཆོས་ལུགས་སོགས་བཀོད་པའི་བྱང་བུ་ཤ་སྟག་ཡིན།དཔེར་ན།དཔལ་འབྱོར་གྱི་སྐོར་ལ་བྱང་བུ།2.73RMF19:9ཀྱྀ་ཞིང་དོར་གཅྀག་བམ་བུ་རྗྀའི་ཞིང་དོར་གཅིག།རྩྀས་པའི་ཞྀང་དོར་ཕྱེ་དང་གཉྀས།གསས་བཙན་གྀས་དཀར་རུ་རྨོས་པ།མཐོང་ཁྱབ་གླྀངས་ནས་དོར་གཉིས།ཞིང་ལག་དོར་གཅིག་ཞེས་པ་ལྟ་བུ་ནི་མངའ་འབངས་སོ་སོར་བགོས་འགྲེམས་བྱུང་བའི་ས་ཞིང་གི་རྒྱ་ཁྱོན་ཆེ་ཆུང་དོར་ལ་རྩིས་པའི་བདག་དབང་ལག་འཁྱེར་ལྟ་བུ་ཡིན།ཡང་གཞུང་ཕྱོགས་ནས་བཤད་ན་རུ་སྡེའམ་ཡུལ་QQ图片20160414100705.jpg.jpgསོ་སོར་དུས་ཐོག་ཏུ་མི་གྲངས་ཞིབ་བཤེར་བྱེད་བདེ་ཡོང་ཆེད་བཟོས་པའི་མ་ལམ་སྟེ་དེང་དུས་ཀྱི་ཐེམ་ཐོ་ལྟ་བུ་ཞིན་ཡིན་ཚོད་འདུག་ཅེས་གསུང་རབ་སྨྲ་བ་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་གསུངས།ད་དུང་དམག་རྐང་ངམ་དཔྱ་ཁྲལ་སྐོར་ལ་བྱང་བུ60.73RMF1:3བློན་ལེགས་ཁྲོམ་བཞེར་ལ་སྩོགས་པས། ནོབ་ཆུངུར་ཕེབས་ནས་ཁྲལ་ཕུལ་བའམ།མངན་གྲོང་གཡོལ་ནས་ཁལ་གཉིས།གྲོ་ཁལ་གསུམ་ཞེས་པས་འབངས་ལ་བྱང་བུ་དེ་རིགས་སྤྲད་དེ་མི་གྲངས་དང་ས་ཞིང་གི་རྒྱ་ཁྱོན།ཐོན་འབབ་ལེགས་ཉེས་སོགས་ལ་གཞིགས་ཏེ་དུས་ཐོག་ཏུ་དཔྱ་ཁྲལ་དང་དམག་རྐང་བསྡུ་ལེན་བྱ་ཡི་ཡོད་པའི་སྐོར་ཡིན། ཁྲམ་བྱང་གི་སྐོར་རྒྱས་པར་གཟིགས་འདོད་ན་སྐུ་ཞབས་དབང་རྒྱལ་གྱིས་བྲིས་པའི་ཁྲམ་བྱང་  གི་སྐོར་ཞེས་པ་དེར་གཟིགས་པར་འཚལ་ལོ།།

ཁྲམ་བྱང་ལ་གནའ་དཔེའི་རིན་ཐང་ཅི་ཞིག་ཡོད་དམ་ཞེ་ན། ཁྲམ་བྱང་ནི་མཐོ་བོད་བཙན་པོའི་སྐབས་ཀྱི་ཡིག་ཆའི་གྲས་ཤིག་ཡིན། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཡིག་ཆ་གཙིགས་ཆེན་གསུམ་སྟེ། རྡོ་རིང་དང་ཅོང་གི་ཡི་གེ། ཏུང་ཧོང་ནས་རྙེད་པའི་ཤོག་དྲིལ། ཤིན་བྱང་དང་མཚོ་སྔོན་དུར་ལན་ནས་རྙེད་པའི་ཁྲམ་བྱང་བཅས་ཡིན། དེ་དག་གི་ནང་ནས་ང་ཚོས་ཤིན་ཅང་དང་ལི་ཡུལ་སོགས་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ཁྲམ་བྱང་དེ་དག་ལ་གནའ་དཔེ་རིག་པའི་གཞུང་ལུགས་ལས་དཔྱད་ན།དང་པོ་ཕྱིའི་དཔྱེ་གཟུགས་ཀྱི་ཁྱད་ཆོས་ཏེ། (1)ཁྲམ་གྱི་རྒྱབ་མདུན་ངོས་གཉིས་པོར་གཞོག་བརྒྱབ་ཤུལ་གྱི་རྟགས་མངོན་གསལ་དོད་པོ་ཡོད། (2)ཁྲམ་དེ་རིགས་མང་ཆེ་བའི་གཡས་ངོས་སུ་མིག་བུ་རེ་ཕུག་ཡོད། (3)ཁྲམ་འགའ་ཞིག་གི་གཡས་ངོས་སུ་ཀོང་ཀོང་གྲུ་བཞི་རེ་བཟོས་ཡོད་པའི་དཀྱིལ་དུ་ཤུར་ཁའམ་མིག་བུ་རེ་གཏོད་ཡོད་པ་བཅས་ནི་གནའ་དཔེའི་དཔེ་གཟུགས་ཀྱི་ཁྱད་ཆོས། 

       གཉིས་པ་ནང་གི་བརྗོད་བྱའི་ཐད་ནས་ཞུས་ན་ཁྲམ་བྱང་དེ་དག་ནི་གཙོ་བོ་བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་དམག་དོན།དཔལ་འབྱོར།ཁྲིམས་ལུགས།ཆོས་ལུགས་ཀྱི་སྐོར་སོགས་ཡིན་པས་དེ་དག་ལ་གནའ་དཔེའི་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།

       གསུམ་པ་ད་ལྟ་ང་ཚོས་མཐོང་ཐུབ་པའི་ཁྲམ་བྱང་དེ་དག་ནི་བོད་བཙན་པོའི་སྐབས་ཀྱི་ཁྲམ་བྱང་ཁོ་ན་ལས་དུས་ཕྱིས་ཀྱི་ཁྲམ་བྱང་མིན་པས་དེ་དག་ལ་རིག་དངོས་སམ་ལོ་རྒྱུས་ཀྱི་རིན་ཐང་ཆེན་པོ་ལྡན་ཡོད།དེར་ལྟར་བརྗོད་དོན་ནི།སྤྲེའྀ་ལོ།་་་བཙན་པོ་བྐས་ཁྲམ་དམར་པོ་ཤོག་ཤོག་སེར་བོ་ལ་སྤོས་པར་ལོ་ཆྀག་ཅེས་པའི་དོན་ལས་སྤྱི་ལོ744ལོར་བཙན་པོས་བཀས་བཅད་ནས་དམག་དོན་སོགས་དང་འབྲེལ་བའི་ཡིག་ཆ་ཁག་ཁྲམ་དམར་པོར་འགོད་པའི་སྲོལ་དེ་ཤོག་བུ་སེར་པོར་བཀོད་པའི་ལམ་ལུགས་སུ་བསྒྱུར་སྟབས། རྗེས་སུ་རིམ་པས་བཞིན་ཁྲམ་བྱང་དེ་ཡང་ཉུང་ངུར་སོང་བའི་རྒྱུ་མཚན་གྱིས་ཡིན་ནོ།།

      བོད་ཀྱི་ཡུལ་འདིར་ཤོག་བུ་བཟོ་བའི་ལས་རྩལ་དེ་མ་དར་བའམ་ས་ཁྱབ་རྡོ་ཁྱབ་ཏུ་མ་སོང་བའི་ཡར་སྔོན་དུ་གནའ་དཔེ་འབྲི་བྱེད་ཀྱི་རྫས་དར་གོས་དང་ཁྲམ་བྱང་སོགས་སྔོན་ཐོན་གྱི་མི་རིགས་གཞན་ལ་བྱུང་བ་ཇི་བཞིན་བོད་ལ་ཡང་བྱུང་ཡོད། མི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་བེེ་དཀར་གཡའ་སེལ་དུ་གྲོ་ག་ཤིང་ཤུན་རས་དང་ཤོག་བུ་དཀར་པའམ་ཚོས་མ་སོགས་གང་ཡང་རུང་བ་ལ་གླེགས་བམ་མམ་པུསྟི་ཀ་ཞེས་བརྗོད་ཅེས་གཅུངས་པ་ལྟར། སྔོན་ཡུལ་ལུང་ཁག་དུ་ཤོག་བུ་བཟོ་བའི་ལག་རྩལ་ས་ཁྱབ་རྡོ་ཁྱབ་དུ་མ་སོང་བའི་ཡར་སྔོན་དུ་གསུང་རབ་ཁག་འབྲི་བཤུ་བྱེད་སའི་འབྲི་ཤོག་སྟེ་བྱང་བུ་དང་རས་དང་པགས་པ།གྲོ་ག་ཤིང་ཤུན་སོགས་ཀྱི་སྟེང་དུ་འབྲི་བཤུ་གནང་སྟེ་གཞི་གཅིག་ཏུ་སྡེབ་པ་ལ་གླེགས་བམ་ཞེས་བརྗོད་པས་ཀྱང་སྟག་ཤུན་ཤོག་གསུང་རབ་འབྲི་སྲོལ་ཡོད་པ་དེ་ཤེས།གྲོ་ག་ཤིང་ཤུན་དང་སྟག་ཤུན་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། བེེ་དཀར་གཡའ་སེལ་དུ་གསུངས་པའི་གྲོ་ག་ཤིང་ཤུན་དང་ང་ཚོའི་ཁ་རྒྱུན་དུ་ཆགས་པའི་སྟག་ཤུན་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ནི་དགེ་བཤེས་ཆོས་ཀྱི་གྲགས་པས་མཛད་པའི་ཚིག་མཛོད་ལས་གྲོ་ག་ཞེས་པ་ནི་ཤིང་སྟག་པའི་ཤུན་པ་ཤོག་བུ་འདྲ་བ་ཞེས་དང་བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས་སྟག་ཤུན་ནམ་ཤིང་ཤུན་ལྤགས་ལ་གྲོ་བ་ཟེར་ཞེས་པས་ཀྱང་གྲོ་ག་ཤིང་ཤུན་དང་སྟག་ཤུན་དོན་གཅིག་ཡིན་པ་ཤེས། 

       གྲོ་ག་ཤིང་ཤུན་ནམ་སྟག་ཤུན་དེ་ལ་གསུང་རབ་བྲིས་ན་དམིགས་བསལ་གྱི་ཁྱད་ཆོས་ཁ་ཤས་ཐོན་ཐུབ་པ་སྟེ། སྟག་ཤུན་གྱི་ངོས་འཇམ་ཤ་ལྡན་ཞིང་ངོས་དེའི་སྟེང་དུ་ཆེད་མངགས་ཐིག་རྒྱག་མི་དགོས་པར་རང་བཞིན་གྱི་ཤིང་རྩ་ཞིག་གསལ་གྱི་ཡོད་པས་ཡི་གེ་བས་ཐིག་དེ་བསྣན་ནས་ཡི་གེ་འབྲི་བཤུ་གནང་བ་ཡིན་ན་ཡིག་གཟུགས་དོ་མཉམ་ལ་ཐིག་གིས་ཡི་གེའི་མགོ་ཟིན་ནས་ཡི་གེ་འདྲོང་པོ་ཞིག་ཡོང་གི་ཡོད།ཡི་གེ་བྲིས་ཟིན་རྗེས་སྣག་ནོག་མེད་ཅིང་བརླན་དང་གཤེར་གྱིས་གནོད་སྐྱོན་མི་བྱུང་བ། འབུས་མི་ཟ་བ། འཁྱེར་ན་ཡང་བ། ལོ་ངོ་སྟོང་ཕྲག་ཉར་ཚགས་ཐུབ་པའི་ཁྱད་ཆོས་ཡོད། དེར་བརྟེན་གྲོ་ག་ཤིང་ཤུན་སྟེང་དུ་བོད་ཡིག་དང་ལེགས་སྦྱར་གྱི་ཡི་གེ་བྲིས་ཏེ་ཤོག་དྲིལ་གྱི་རྣམ་པ་དང་ལྟེབས་མགོ་མ་དང་སྣ་རིང་གྱི་རྣམ་པ་སོགས་སུ་བྱས་ནས་མཆོད་རྟེན་ཁག་གི་ཟུངས་བཞུགས་སུ་ཕུལ་ཡོད་པའི་གནའ་དཔེ་གཙིགས་ཆེན་གྲས་ད་ལྟའང་མཇལ་རྒྱུ་འདུག 

       བོད་ཀྱི་ལོ་པཎ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་སོགས་ནས་གྲོ་ག་ཤིང་ཤུན་ཐོག་བྲིས་པའི་རྒྱ་དཔེ་བོད་དུ་བསྣམས་ཕེབས་ཡོད་པ་ནི་ལྷ་བྲག་མར་པ་ལོ་ཙཱ་བའི་རྣམ་ཐར་དང་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་ལས་ཀྱང་རྟོགས་ཐུབ་པ་སྟེ། ལོ་ཙཱ་རིན་ཆེན་བཟང་པོའི(958-1055)རྣམ་ཐར་འབྲིང་པོ་ལས་དེ་ནས་ཁ་ཆེ་རུ་ལོ་ཙམ་སོང་རྩིས་པས་ལོ་བདུན་སོང་འདུག་གོ ཡབ་ཡུམ་མཇལ་དུ་འགྲོ་དགོངས་ནས། གདམས་ངག་རྣམས་གྲོ་ག་གསེར་པོ་ལ་བྲིས་རྒྱའི་བེ་བུམ་མཛད་བྱོན་པར་འདོད་པ་ལས། སྔར་ཡུལ་དུ་ལུང་བསྟན་དུས་སུ། རྒྱ་གར་ཤར་ནུབ་ཆུ་བཞིན་འབྲུག(འཁྲུག)ཟེར་བ་དེ་དྲན་ནས། དཔེ་ཆ་རྣམས་བླ་མ་ཏྲ་ཏ་ཀ་རའི་ཕྱག་ཏུ་བཞག་ནས་རྒྱ་དཀར་ཤར་ཕྱོགས་ལ་བྱོན་ཞེས་པས་རྒྱ་དཔེ་སྟག་ཤུན་ཐོག་བྲིས་པའི་གླེགས་བམ་དེ་རིགས་ལོ་ཙཱ་བ་རིན་ཆེན་བཟང་པོ་ཁ་ཆེའི་ཡུལ་དུ་སློབ་གཉེར་ལ་ཕེབས་དུས་གྲོ་ག་ཤིང་ཤུན་ལ་བྲིས་གནང་ཏེ་ལོ་ཆེན་ཁོང་རང་གི་ཁ་ཆེའི་ཡུལ་གྱི་བླ་མ་ཏྲ་ཏ་ཀ་རའི་ཕྱག་ཏུ་བཅོལ་གནང་སྟེ་རྒྱ་གར་ཤར་ཕྱོགས་སུ་སློབ་གཉེར་ལ་བྱོན་ཡོད་པ་སྟེ་ཁོང་གི་རྣམ་ཐར་འབྲིང་པོ་ལས་ཤེས་ལ།རྗེས་སུ་ཡང་བསྐྱར་ཁ་ཆེར་ཕེབས་ནས་རྒྱ་དཔེ་བསྣམས་ཡོད་པ་ཡང་ཁོང་གི་རྣམ་ཐར་ལས། རྒྱ་གར་ཤར་ཕྱོགས་སུ་ནི། བླ་མ་ལོ་ཙཱ་བ་ཆེན་པོ་ལ་མཚན་བན་སྡེ་ཡེ་ཤེས་སྡེ་ཡས་ཞེས་གྲགས་སོ།། དེ་ནས་རྒྱ་གར་ནས་ཁ་ཆེ་རུ་བྱོན་ནས་པཎྜི་ཏ་ཏྲ་ཏ་ཀ་ར་བར་མའི་ཕྱག་ནས་དཔེ་ཆ་རྣམས་བླངས། ཆོས་ཐོན་ཚད་རྣམས(བསྣམས)ནས་བྱོན། མ་ཐོན་པ་རྣམས་ཏྲ་ཏ་ཀ་རའི་ཕྱག་ཏུ་བཞག་གོ དེ་ཡན་ཆད་ལ་རྒྱ་དཀར་དང་ཁ་ཆེ་རུ་ལོ་བཅུ་སོང་གདའ་སྐད། ཁ་ཆེ་ནས་རྐང་འགྱོགས་དང་གྲོགས་བྱོན། ཞེས་པས་ཁོང་གིས་སྟག་ཤུན་ཐོག་བྲིས་པའི་གསུང་རབ་རྣམས་ཁ་ཆེ་ནས་བོད་ཡུལ་དུ་བསྣམས་ཕེབས་པ་ལོ་ཙཱ་བ་ཁོང་གི་རྣམ་ཐར་དུ་འཁོད་ཡོད་པ་མ་ཟད་ད་ལྟ་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་བཞུགས་པའི་གྲོ་ག་ཤིང་ཤུན་ཐོག་བྲིས་པ་རྒྱ་དཔེ་དང་བོད་དཔེ་བྲིས་མ་ལྟེབས་མགོ་ཅན་ཞིག་ཀྱང་དངོས་སུ་མཇལ་བ་ལས་གྲོ་ག་ཤིང་ཤུན་སྟེང་གནའ་དཔེ་འབྲི་སྲོལ་ཡོད་པ་དེ་རྟོགས་སོ།།

བོད་ལ་ཤོག་བུ་དར་བ་ནས་བཟུང་བོད་ཀྱི་གསུང་རབ་ཁག་ཤོག་བུའི་སྟེང་དུ་བྲིས་བཞེངས་གནང་བ་དེ་ནི་སྔོན་ཐོན་གྱི་མི་རིགས་གཞན་དང་འདྲ་བར་བོད་ཀྱི་རིག་གནས་འཕེལ་རྒྱས་སུ་འགྲོ་བ་ལ་གོམ་སྟབས་བླ་ན་མེད་པ་ཞིག་སྤོས་ཐུབ་པ་བྱུང་ཡོད། ད་ལྟ་རང་རེ་རྣམས་ཀྱིས་མཇལ་དུ་ཡོད་པའི་གསུང་རབ་བྲག་རི་བརྩིགས་བརྩིགས་འདྲ་བ་དེ་དག་བརྒྱ་ཆ་དགུ་བཅུ་ཡན་ཤོག་ཐོག་ཏུ་བྲིས་དང་དཔར་པའི་གསུང་རབ་ཤ་སྟག་ཡིན། 

ཤོག་ཐོག་ཏུ་བྲིས་པའི་གསུང་རབ་ཀྱི་ངོས་ནས་བརྗོད་ན་འབྲི་ཤོག་ཁག་མི་འདྲ་བ་མང་པོ་ཞིག་བེད་སྤྱོད་གནང་ནས་འབྲི་ཡི་ཡོད་པ་སྟེ། འོན་ཀེ་རུར་བཞུགས་པའི་མངའ་བདག་མགོན་ནེའི་མདོ་མངས་མཐོང་སྨོན་གྱི་འབྲི་ཤོག་སྟེ་མཛད་བྱང་ལས་ཀོང་པོ་ཅི་ཚགས་ཀྱི་ཤོག་བུ་ངོ་མཚར་ཆེ་ཞེས་དང་རྒྱ་མཚོ་གྲོང་མཁར་ཆོས་སྡེར་བཞུགས་པའི་ཤེར་ཕྱིན་གྱི་འབྲི་ཤོག་སྟེ་མཛད་བྱང་ལས་ཁྱེང་པོའི་ལྡབ་ཤོག་ངོ་མཚར་ཆེ་ཞེས་སོགས་བྱུང་བ་ལ་གཞིགས་ན་དུས་རབས12པའི་སྐབས་ནས་ཀོང་པོ་ཁུལ་གྱི་ཤོག་བུ་བེད་སྤྱད་དེ་གནའ་དཔེ་འབྲི་བཤུས་བྱས་པ་དང་ད་དུང་མྱང་སྟོད་རྭ་ལུང་མེ་ཏོག་མདངས་འཕྲོག་དགོན་གྱི་འབུམ་ཤོག་མོ་ཆེའི་འབྲི་ཤོག་སྟེ་གན་ཤོག་ཡིན་པ་གནའ་དཔེ་དེའི་མཛད་བྱང་ལས་ཁ་གསལ་པོ་ཞིག་རྟོགས།དེ་མིན་རྒྱ་ཤོག་དང་།སྐྱེམ་ཤོག་དང་འབྲུ་ཤོག ལྷོ་ཤོག་དང་སྙེ་ཤོག གཙང་ཤོག མཐིང་ཤོག་སོགས་ཀྱི་ཤོག་བུ་རིགས་མི་འདྲ་བ་ཁག་འབྲི་ཤོག་ཏུ་བྱས་ཏེ་གསུང་རབ་འབྲི་བཞེངས་གནང་ཡོད་པ་སྟེ། རྒྱལ་རྩེ་ཐེམ་སྤངས་མ་དཔེར་བྱས་པའི་རྒྱལ་མཆོག་ལྔ་པ་ཆེན་པོ་དགོངས་རྫོགས་སུ་བཞེངས་བའི་བཀའ་འགྱུར་ཏེ། སྤྱི་ལོ1682ལོར་ཚ་བ་མཛོ་སྒང་དུ་རྒྱུ་འགྲོ་འབྲུ་ཁལ་བཞི་ཁྲི་ཆིག་སྟོང་ལས་གྲུབ་པའི་བཀའ་འགྱུར་སྐྱ་པོད་བཞེངས་གནང་བ་དེའི་སྐུ་རྒྱུར་གན་ཤོག་དང་མཉམ་ཚོད་ཀྱི་ཤོག་བུ་བྲེ་ཁ་བརྒྱད་ཁྲི་ཆིག་སྟོང་ཉིས་བརྒྱ་བརྒྱད་ཅུ་སོང་ཞེས་དང་སྤྱི་ལོ1683ལོར་ཤེལ་དཀར་དུ་བཀའ་འགྱུར་སྐྱ་པོད་རྒྱུ་འགྲོ་འབྲུ་ཁལ་བཞི་ཁྲི་སུམ་སྟོང་ཆིག་བརྒྱ་ཞེ་གསུམ་ལས་གྲུབ་པ་གསར་བཞེངས་གནང་སྐབས་སྐྱ་པོད་ལ་ལྟོས་པར་ངོས་ཤིན་ཏུ་གཙང་བའི་སྐུ་རྒྱུའི་སྐོར་ལ་གན་ཤོག་བྲེ་ཁ་བརྒྱད་ཁྲི་ཉིས་སྟོང་སུམ་བརྒྱ་དྲུག་ཅུ་ཞེས་དང་སྤྱི་ལོ1682ལོར་འོལ་ཁར་བཀའ་འགྱུར་གསེར་ཆོས་འཛམ་གླིང་རྒྱན་གཅིག་རྒྱུ་འགྲོ་འབྲུ་ཁལ་ཆིག་འབུམ་བརྒྱད་ཁྲི་དྲུག་སྟོང་བདུན་བརྒྱ་དོན་གསུམ་ལས་གྲུབ་པ་གསར་བཞེངས་གནང་བར་རྒྱ་ཤོག་བྲེ་ཁ་སྟོང་ཕྲག་གཉིས་དང་བདུན་བརྒྱ་ལྔ་བཅུ་ང་བདུན། གན་ཤོག་བྲེ་ཁ་སུམ་ཁྲི་ཆིག་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་བཞི།མོན་ཤོག་བཅུ་ལྟེབ་དྲུག་སྟོང་དགུ་བརྒྱ་བཅུ་དྲུག ལྡབ་ཤོག་ཆོས་ཤོག་གཉིས་རེ་ཐོན་པ་བཅུ་ལྟེབ་བཞི་བཅུ་ཞེ་བདུན།གཙང་ཤོག་ལམ་ཤོག་འདྲེས་པ་བྲེ་ཁ་ཉིས་བརྒྱ་ཉི་ཤུ་རྩ་གཅིག གཙང་ཤོག་དཀྱུས་མ་བྲེ་ཁ་ཆིག་སྟོང་བཞི་བཅུ་ཞེ་ལྔ། ལག་གདན་ཤོག་ལྡེ་ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་བཅས་དང་སྤྱི་ལོ1683-1690ལོར་བཟད་དུ་མཐིང་ཤོག་ལ་དངུལ་ཞུན་གྱི་བཀའ་འགྱུར་རྒྱུ་འགྲོ་འབྲུ་ཁལ་བརྒྱད་ཁྲི་དགུ་སྟོང་སུམ་བརྒྱ་ཞེ་བཞི་ལས་གྲུབ་པ་གསར་བཞེངས་གནང་བ། སྤྱི་ལོ1684ལོ་ཤིང་བྱི་ཟླ་བ་བདུན་པའི་ཚེས་ཉེར་བརྒྱད་ལ། བཟད་གཞི་ཀར་རྒྱལ་བའི་བཀའ་འགྱུར་རོ་ཅོག་རྒྱལ་རྩེ་ཐེམ་སྤངས་མ་གཞིར་བཞག་གི་སྟེང་དུ་སྔ་འགྱུར་གཙོ་བསྡུས་ཀྱི་པོད་གསུམ་བསྣན་པ་བཅས་བེེཌཱུར་ཞུན་མའི་མདངས་ཀྱིས་སྤུད་པའི་ཤོག་བུ་ཆུ་ཞེང་གབ་པར་རིན་ཆེན་གཉིས་པས་ལས་གྲུབ་པའི་པོ་ཏི་བརྒྱ་དང་བཅུ་བཞི་བཞེངས།

སྤྱི་ལོ1685ལོར་ཤིང་གླང་ལོའི་ཟླ་བ་བདུན་པའི་ཚེས་གཅིག་ལ་ཤར་འོལ་དགའ་སྟག་རྩེར་རྒྱལ་བའི་བཀའ་འགྱུར་རོ་ཅོག་ཤོག་བུ་འཛམ་བུ་ཆུ་བོའི་གསེར་སྦྱངས་ལ་འགྲན་པར་བཟོད་པའི་ཇོ་ཙེའི་ཐོག་རིན་པོ་ཆེ་གསུམ་པ་བཞུ་བཏུལ་ལེགས་པར་བགྱིས་པའི་པདྨ་རཱ་གའི་མདངས་འཕྲོག་པའི་ཡི་གེ་མངོན་པར་བཀྲ་བ་གསར་བཞེངས་ཀྱི་མ་ཕྱི་རྒྱལ་རྩེ་ཐེམ་སྤངས་མ་སོར་བཞག་བརྒྱ་དང་བཅུ་གཅིག དེ་སྟེང་རྗེ་བླ་མ་སྲིད་ཞིའི་གཙུག་རྒྱན་མཆོག་ནས་རྙིང་རྒྱུད་པོ་ཏི་གསུམ་བསྣོན་པ་གནང་བ་བཅས་བཞེངས་ཞེས་གསུངས་པ་དེ་དག་ལས་བོད་ཡིག་གནའ་དཔེའི་འབྲི་ཤོག་གི་ངོས་ནས་འཆད་ན་འབྲི་ཤོག་རིགས་མི་འདྲ་བ་ཁག་སྟེ་གན་ཤོག ཁྱེང་པོའི་ལྡབ་ཤོག ཀོང་པོ་ཅི་ཚགས་ཀྱི་ཤོག་བུ། འབྲུ་ཤོག ལྷོ་ཤོག གཙང་ཤོག གྱན་ཤོག་དང་རྒྱ་ཤོག་སོགས་དང་རིན་ཆེན་གྱིས་བཏུལ་པའི་གསེར་ཤོག དངུལ་ཤོག མཐིང་ཤོག་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ཤེས། ད་ལྟ་ང་ཚོས་མཇལ་ཐུབ་པའི་ཤོག་བུ་སྔ་ཤོས་ཏེ་དུས་རབས8པའི་སྐབས་ཀྱི་ཤོག་བུ་ད་ལྟ་ལྷོ་ཁ་ས་ཁུལ་གྲོ་མཁར་ཆོས་སྡེ་དང་ཆབ་མདོ་ཁུལ་དུ་བཞུགས་པའི་ཤེར་ཕྱིན་ཡུམ་སྐྱ་བྲིས་དེ་ཡིན་མོད་ཀྱང་མཐིང་ཤོག་ཡང་དུས་རབས8སྐབས་ནས་ཡོད་པ་སྟེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་པའི་བཀའ་གཙིགས་ཀྱི་ཡི་གེ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ། ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ནས་བོད་ལ་མཐིང་ཤོག་བཟོ་བའི་ལག་རྩལ་ཡོད་པ་བསམ་ཡས་ཀྱི་རྡོ་རིང་ཡི་གེ་ལས་ཤེས་རྟོགས་བྱུང་། 

དེས་ན་གོང་དུ་བརྗོད་པའི་འབྲི་རྫས་མི་འདྲ་ཁག་ལས་དུས་རབས་མི་འདྲ་བའི་ནང་དུ་འབྲི་རྫས་ཅི་འདྲ་ཞིག་བེད་སྤྱོད་གནང་ཡོད་པ་དེ་ར་སྤྲོད་བྱུང་། གནའ་དུས་བོད་ལ་ཤོག་བུ་བཟོ་བའི་ལག་རྩལ་མ་དར་བའི་སྔོན་ལ་སེམས་ཅན་གྱི་པགས་པ་དང་རུས་པ། རྡོ་དང་ཤིང་ཁྲམ་སོགས་ཀྱི་སྟེང་དུ་ཡི་གེ་འབྲི་ཡི་ཡོད་དེ་དག་གི་སྟེང་དུ་འབྲི་བརྐོས་བྱས་པ་ཡིན་ན་ཡི་གེ་དེ་དག་གི་ནང་དོན་རྣམས་ཉར་ཚགས་ཡུན་རིང་བའི་ལེགས་ཆ་ལྡན་ཡོད་མོད་ཀྱང་དེ་དག་ལྕི་བས་འཁྱེར་མི་བདེ་བ་སོགས་ཀྱི་ཞན་ཆ་ཡང་ལྡན་ཡོད། དར་གོས་ཆེན་གྱི་སྟེང་ཡི་གེ་འབྲི་བ་དེ་ནི་གོང་གི་འབྲི་རྫས་དེ་དག་ལས་ཅུང་ཟད་འཁྱེར་བདེ་བའི་ཁྱད་ཆོས་ལྡན་ཡང་ཆེས་རྒྱས་སྤྲོས་ལྡན་པའི་ལམ་སྲོལ་ཞིག་ཡིན་པ་སྟེ་གཙོ་བོ་གོང་གི་བཙན་པོ་དང་གཞུང་ས་ཁག་ནས་བཏང་བའི་ལུགས་སྲོལ་ཞིག་ཡིན། དར་གོས་ཆེན་ནི་སྤྱིར་བཏང་གི་ཤོག་བུ་དང་བསྡུར་ན་རིན་ཐང་ཆེ་བ་ཞིག་ཡིན་གཤིས་དེ་སྤྱིར་བཏང་གི་མི་ཕལ་པས་ཉོ་ཐབས་བྲལ་བའི་རྐྱེན་གྱིས་འབྲི་རྫས་དེ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་མེད། བོད་ལ་ཤོག་བུ་བཟོ་བའི་ལག་རྩལ་དར་བ་ནས་བཟུང་སྤྱིར་གྱི་ཆ་ནས་བོད་ཀྱི་གནའ་དཔེ་ཁག་ཤོག་བུའི་སྟེང་དུ་འབྲི་བའི་སྲོལ་དེ་དར་བ་རེད།

  • 顶 0